ཀྲུང་གོ་བོད་ཀྱི་དྲ་བ།

ཅི་པུའུ་ཐིས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ལ་རྒྱལ་ཁབ་ཀྱི་གཟེངས་རྟགས་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅི་པུའུ་ཐིས་ཀྱི་ཙུང་ལི་ཁཱ་མུས་ལེ་ཡིས་ཚེས་བཅུ་ཉིན་ཅི་པུའུ་ཐིས་མི་དམངས་ཕོ་བྲང་ནས་ཀྲུང་གོའི་སྲིད་གཞུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གི་ཁོངས་མི་བཅུ་གཉིས་པོར་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་རང་བཙན་ཉིན་མོའི་རྒྱལ་ཁབ་ཀྱི་གཟེངས་རྟགས་བྱིན་ཏེ། ཆེད་མཁས་ཚན་ཆུང་གིས་ཅི་པུའུ་ཐིས་ཀྱི་རིམས་འགོག་ཐད་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས། 

ཅི་པུའུ་ཐིས་ཀྱི་ཕྱི་འབྲེལ་བློན་ཆེན་ཡུག་སོ་ཧྥུའུ་དང་ཅི་པུའུ་ཐིས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་རོས་ཧྲིན་སོགས་མཛད་སྒོར་ཞུགས། 

ཁཱ་མུས་ལེ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོའི་སྲིད་གཞུང་གིས་ཅི་པུའུ་ཐིས་ཀྱི་རིམས་འགོག་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་ཆེད་མཁས་ཚན་ཆུང་གིས་རིམས་འགོག་ཐད་མཛུབ་སྟོན་བྱས་པར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཆེད་མཁས་ཚན་ཆུང་གིས་ཅི་པུའུ་ཐིས་ནས་དཀའ་སྡུག་ལ་མ་འཛེམ་པར་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་སུ་ཟབ་ཞུགས་བྱས་པ་དང་། ཅི་པུའུ་ཐིས་ཕྱོགས་བར་ཉམས་མྱོང་བརྗེ་རེས་བྱས་ཏེ་ཅི་པུའུ་ཐིས་ཀྱི་རིམས་འགོག་ཐད་གྲོས་གཞི་བཟང་བོ་མང་དུ་བཏོན། ཆེད་མཁས་ཚན་ཆུང་ཡོང་བ་ལས་ཅི་པུའུ་ཐིས་དང་ཀྲུང་གོའི་འབྲེལ་བར་སྔར་ལས་ཤུགས་སྣོན་ཐེབས་ཡོད་ཟེར། 

ཀྲའོ་རོས་ཧྲིན་གྱིས་བསྟན་དོན། ཅི་པུའུ་ཐིས་ཕྱོགས་ཀྱིས་ཀྲུང་གོའི་ཆེད་མཁས་ཚན་ཆུང་ལ་གཟེངས་རྟགས་བྱིན་པ་ནི་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཚང་མའི་གཟི་བརྗིད་ཅིག་ཡིན་པར་མ་ཟད། ཀྲུང་གོ་དང་ཅི་པུའུ་ཐིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཟབ་པའི་མཚོན་རྟགས་ཤིག་རེད། ཆེད་མཁས་ཚན་ཆུང་གིས་ཅི་པུའུ་ཐིས་ཀྱི་བྱ་བ་མི་འགྱངས་པར་མཇུག་སྒྲིལ་སྲིད་ཀྱང་། ཀྲུང་གོ་དང་ཅི་པུའུ་ཐིས་ཀྱིས་མཉམ་ལས་བྱས་ཏེ་རིམས་འགོག་བྱེད་པའི་གོམ་སྟབས་མཚམས་འཇོག་མི་སྲིད། ཀྲུང་གོའི་ཕྱོགས་ཀྱིས་ཅི་པུའུ་ཐིས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་གྱིས་རིམས་འགོག་བྱས་ཏེ། མུ་མཐུད་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པའི་རིམས་འགོག་གི་ལེའུ་གསར་བ་འབྲི་འདོད་ཡོད་ཟེར། 

ཀྲུང་གོའི་སྲིད་གཞུང་གིས་མངག་གཏོང་བྱས་པའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གིས་ཨེ་ཙེ་ཨོ་ཕི་ཡཱའི་རོགས་སྐྱོར་བྱ་བ་མཇུག་སྒྲིལ་རྗེས། ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཅི་པུའུ་ཐིས་སུ་ཡོང་བ་དང་། ཉིན་བཅུ་གཉིས་རིང་ཅི་པུའུ་ཐིས་ཕྱོགས་ཀྱི་རིམས་འགོག་བྱ་བའི་ཐད་རོགས་རམ་བྱེད་རྒྱུའི་འཆར་གཞི་ཡོད། ཆེད་མཁས་ཚན་ཆུང་དེ་ཁོངས་མི་བཅུ་གཉིས་ཀྱིས་གྲུབ་པ་དང་། སི་ཁྲོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་སོ་སོ་ནས་ཡོང་བའི་འགོ་ནད་དང་དབུགས་ལམ། ནད་ཚབས་ཆེན། ཞིབ་བཤེར། ཀྲུང་ཕྱིའི་ཟུང་འབྲེལ་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་འདུས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།