ཀྲུང་གོའི་སྲིད་གཞུང་གིས་ཨེ་ཅིབ་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་གཉིས་པའི་རིམས་འགོག་མཁོ་དངོས་བརྒྱུད་སྤྲོད་ཡོངས་འགྲུབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་སྲིད་གཞུང་གིས་ཨེ་ཅིབ་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་གཉིས་པའི་རིམས་འགོག་མཁོ་དངོས་བརྒྱུད་སྤྲོད་མཛད་སྒོ་དེ་ཚེས་བཅུ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ་བ་དང་། སྐོར་ཐེངས་འདིའི་རིམས་འགོག་མཁོ་དངོས་ལ་ཁ་ཐུམ་དང་འགོག་སྲུང་ལྭ་བ། ཉིང་སྐྱུར་ཚད་འཇལ་སྨན་ཆུ་སོགས་འདུས་ཡོད། 

ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་གིས་བརྒྱུད་སྤྲོད་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་དཀའ་ཁག་ཁྱད་བསལ་བྱས་ན། ཐེངས་འདིའི་རིམས་ནད་ཀྱི་ཉམས་སད་ཐེག་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ལེའོ་ལི་ཆང་གིས་བཤད་རྒྱུར། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་དང་། སྤྱི་ཚོགས་ཚོགས་ཁག ཁེ་ལས་བཅས་ཀྱིས་ཧུར་ཐག་སྒོས་ཨེ་ཅིབ་ཏུ་རིམས་འགོག་མཁོ་དངོས་ཞལ་འདེབས་སུ་ཕུལ་ཡོད། དེའི་ནང་མཱ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་ཨ་ལི་པཱ་པཱ་སྤྱི་ཕན་ཐེབས་རྩ་ཚོགས་པས་ཨེ་ཅིབ་ཀྱི་འཕྲོད་བསྟེན་པུའུ་ལ་ཞལ་འདེབས་སུ་ཕུལ་བའི་རིམས་འགོག་མཁོ་དངོས་སྐོར་ཐེངས་དང་པོ་ཨེ་ཅིབ་ཏུ་འབྱོར་ཡོད། ཀྲུང་གོས་ཨེ་ཅིབ་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་གསུམ་པའི་རིམས་འགོག་མཁོ་དངོས་དག་མི་འགྱངས་པར་ཁེ་རོ་རུ་འབྱོར་ངེས་ཡིན་པ་དང་། གཙོ་བོ་སྨན་བཀོལ་ཁ་ཐུམ་དང་སྨན་བཀོལ་འགོག་སྲུང་ལྭ་བ། ཐེངས་གཅིག་ཅན་གྱི་ལག་ཤུབས། ཚ་དྲོད་དཔྱད་ཆས་སོགས་འདུས་ཡོད། 

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ལས་རོགས་པ་སཱ་ཨེ་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཐེངས་འདིའི་རིམས་ནད་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་ཇེ་ཟབ་ཏུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།