ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱིས་རིམས་འགོག་ནད་ནས་མཐུན་སྒྲིལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡོངས་ཀྱིས་འབྲུམ་པའི་ནད་ཚར་གཅོད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་སྐབས་སུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་རྒྱལ་ཁབ་སོ་སོའི་མཐུན་སྒྲིལ་གཅིག་མཐུན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་སྤེལ་བའི་བརྙན་རིས་རྣམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལོ་ངོ་བཞི་བཅུའི་ཡར་སྔོན་གྱི་དེ་རིང་སྟེ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་འཛམ་གླིང་ཡོངས་ནས་འབྲུམ་པའི་ནད་ཚར་གཅོད་བྱས་པ་དངོས་སུ་ཁྱབ་སྒྲོག་བྱས། འགོག་སྨན་དེ་འབྲུམ་པའི་ནད་ཚར་གཅོད་བྱེད་པར་གལ་འགངས་ཆེ་ཡང་། འགོག་སྨན་ཁོ་ནར་བརྟེན་པས་མི་ཆོག འབྲུམ་པའི་ནད་ལས་རྣམ་པར་རྒྱལ་བའི་རྒྱུ་རྐྱེན་གཙོ་བོ་ནི་འཛམ་གླིང་ཡོངས་མཐུན་སྒྲིལ་བྱས་པ་དེ་རེད་ཟེར། 

ཐན་ཏི་སེ་ཡིས་བསྟན་དོན། མིའི་རིགས་འབྲུམ་པའི་ནད་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ལས་བདེན་དཔང་བྱུང་བ་ལྟར་ན། རྒྱལ་ཁབ་སོ་སོའི་མཐུན་སྒྲིལ་བྱས་ཏེ་མཉམ་དུ་འགོག་བཅོས་བྱས་ན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་ཀྱང་རྣམ་པར་རྒྱལ་ཐུབ་ངེས་རེད་ཟེར། 

ཁོས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དེ་འབྲུམ་པའི་ནད་དང་འདྲ་བར་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ལ་མཚོན་ན་གནད་འགག་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་ལ་ཉམས་སད་ཅིག་ཡིན་ཡང་། དུས་མཚུངས་སུ་དེས་འཛམ་གླིང་ཡོངས་ཀྱི་བདེ་ཐང་གནས་ཚུལ་ལེགས་བཅོས་བྱེད་པར་གོ་སྐབས་ཤིག་བསྐྲུན་ཡོད་ཅིང་། མི་ཚང་མའི་ཆེད་དུ་སྔར་ལས་བདེ་ཐང་དང་བདེ་འཇགས། འདྲ་མཉམ་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐོག་མར་འཛུགས་སྐབས་ཀྱི་ཕུགས་འདུན་ཏེ་དམངས་ཡོངས་བདེ་ཐང་ཡོང་བ་མངོན་འགྱུར་བྱེད་དགོས་ཟེར། 

ཐན་ཏི་སེ་ཡིས་ཁྱབ་སྒྲོག་བྱས་དོན། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་འབྲུམ་པའི་ནད་ཚར་གཅོད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་སྦྲགས་སྲིད་དོ་དམ་ཅུའུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་དུ་རྗེས་དྲན་སྦྲགས་རྟགས་འགྲེམ་སྤེལ་བྱེད་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།