ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨུ་རུ་སིའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་མཉམ་ལས་བྱས་ནས་རིམས་འགོག་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བདུན་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་རྒྱལ་ཁབ་རང་རང་གིས་སྤྱད་པའི་རིམས་འགོག་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རིམས་ནད་འགོག་རྒོལ་ཐད་ནས་མཉམ་ལས་བྱེད་པར་ཡིད་འཐད་བྱུང་བར་མ་ཟད། འཇར་པན་དང་ཨུ་རུ་སིའི་མ་དངུལ་མཉམ་གཏོང་ཁེ་ལས་ཀྱིས་མཉམ་ལས་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་བཤེར་ཚད་འཇལ་གྱི་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་ད་རུང་ཞི་བདེའི་ཆིངས་ཡིག་གི་གྲོས་མོལ་སྐུལ་འདེད་གཏོང་བ་དང་བྱང་ཕྱོགས་གླིང་ཕྲན་བཞི་ནས་མཉམ་དུ་དཔལ་འབྱོར་བྱ་འགུལ་སྤེལ་བ་སོགས་གནད་དོན་ཐད་གཅིག་གྱུར་གྲོས་མཐུན་བྱུང་། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་འཇར་པན་གྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ལ། ཡུན་ཚད་ཧ་ལམ་སྐར་མ་སུམ་ཅུ་ཙམ་འགོར་ཡོད། 

གཞན་ཡང་ཨུ་རུ་སིའི་ཙུང་ཐུང་དྲ་རྒྱས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཨན་ཕའེ་ཅིན་སིན་ལ་ཁ་པར་བཏང་སྟེ། རིམས་འགོག་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་མིག་སྔའི་རིམས་ནད་གནས་ཚུལ་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། ཕན་ཚུན་ལ་རང་རང་རྒྱལ་ཁབ་ཀྱིས་སྤྱད་པའི་རིམས་འགོག་བྱེད་ཐབས་སྙན་ཞུ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་དུ་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དོན་དངོས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། ཨན་པའེ་ཅིན་སན་གྱིས་ད་རུང་ཨུ་རུ་སིའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་ཐད་ནས་ཕུའུ་ཅིན་ལ་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།