ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བདུན་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་ཁྱབ་ཁོངས་སོ་སོ་ནས་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་སྲུང་འཛིན་པ་དང་ཨུ་རུ་སི་དང་ཨ་མེ་རི་ཁའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དང་ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ཀྱི་མཉམ་ལས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། མུ་མཐུད་དུ་རོགས་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། ཨ་མེ་རི་ཁ་ཕྱོགས་ཀྱིས་ད་རུང་ཨུ་རུ་སིའི་ཕྱོགས་ལ་སྨན་བཅོས་སྒྲིག་ཆས་སྐོར་ཞིག་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་འཛམ་གླིང་ཧྥ་ཞི་སིའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་ཐད་ནས་ཕན་ཚུན་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་མནའ་འབྲེལ་འབྲེལ་བར་ཧྥ་ཞི་སི་ལས་རྣམ་པར་རྒྱལ་བ་དང་མང་ཚོགས་བར་མཐུན་སྒྲིལ་བྱེད་པའི་ཐད་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རོགས་ལས་འོག་འབྲེལ་ཡོད་རྒྱལ་ཁབ་ཀྱིས་རྡོ་སྣུམ་ཐོན་སྐྱེད་ཇེ་ཉུང་དུ་གཏོང་བའི་གྲོས་མཐུན་འགོད་པ་ནི་དུས་དང་འཚམ་པར་མ་ཟད་རྡོ་སྣུམ་གྱི་རིན་གོང་གཏན་འཇགས་ཡོང་བར་དོན་དངོས་ཀྱི་ནུས་པ་ཐོན་ཡོད་པར་འདོད། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐི་ལིང་ཕུའུ་ཡིས་ཉིན་དེར་ཕུའུ་ཅིན་ལ་ཁ་པར་བཏང་སྟེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཨ་མེ་རི་ཁས་ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་དག་ལ་རོགས་སྐྱོར་བྱེད་རྩིས་ཡོད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ཀྱི་གནད་དོན་གཞན་པར་གྲོས་བསྡུར་བྱས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།