ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་འདྲ་མཉམ་བགོ་བཤའ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་ཞལ་འདེབས་འབུལ་བར་ཁས་ལེན་པའི་ཚོགས་འདུའི་སྟེང་ཡོ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞིའི་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པ་དང་། མ་དངུལ་དེ་དག་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། ཐོན་སྐྱེད་བྱེད་པ། འདྲ་མཉམ་བགོ་བཤའ་བྱེད་པ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ཟེར། 

ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ཁོས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་སོགས་དང་མཉམ་དུ་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་ཡོ་བྱད་གསར་བ་མྱུར་དུ་གསར་སྤེལ་དང་། ཐོན་སྐྱེད། འདྲ་མཉམ་བགོ་བཤའ་བཅས་བྱེད་པའི་གྲོས་གཞི་བཏོན། གྲོས་གཞི་དེར་ཐེངས་འདིའི་རྒྱལ་སྤྱིའི་ཞལ་འདེབས་འབུལ་བར་ཁས་ལེན་པའི་ཚོགས་ཆེན་སྟེང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ལ། དེ་ནི་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱེད་པའི་སྣང་ཚུལ་ཞིག་རེད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། རྒྱལ་ཁབ་སོ་སོས་ཚོགས་ཆེན་སྟེང་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། མི་ཚང་མར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་སྲོག་སྐྱོབ་ཡོ་བྱད་ཐོབ་པར་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས། ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཁས་ལེན་བྱས་པ་དང་། ཞོར་དུ་མི་ཚང་མས་ལོངས་སུ་སྤྱོད་པ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། ཁོས་བསྟན་དོན། ལེགས་འགྲུབ་འབྱུང་མིན་གྱི་ཚད་གཞི་ནི་བདེ་འཇགས་དང་ཕན་ནུས་ལྡན་པའི་ཡོ་བྱད་མྱུར་དུ་བྱེད་པར་རག་ལས་པར་མ་ཟད། ཇི་ལྟར་འདྲ་མཉམ་གྱིས་བགོ་བཤའ་བྱེད་པར་ཡང་རག་ལས་ཡོད། ང་ཚོ་མི་ཚང་མར་བདེ་འཇགས་མ་ཐོབ་ཡར་སྔོན་དུ་མི་སུ་ཡིན་ཡང་བདེ་འཇགས་མིན་ཟེར། 

མི་འགྱངས་པར་ཐོན་ལ་ཉེ་བའི་འཛམ་གླིང་ལག་པའི་གཙང་སྦྲའི་ཉིན་མོ་གླེང་སྐབས་ཐན་ཏི་སེ་ཡིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྨན་མ་བྱུང་གོང་། ཆེས་གཞི་རྩའི་རིམས་འགོག་བྱེད་ཐབས་བཟང་བོ་ཞིག་ནི་ལག་ཟུང་དག་གཙང་བྱེད་པ་དེ་ཡིན། ལག་པའི་འཁྲུད་སྟངས་སྟབས་བདེ་ཞིག་གིས་མིའི་ཤི་གསོན་ཐག་གཅོད་བྱེད་ཐུབ་ཀྱང་། འཛམ་གླིང་ཡོངས་སུ་སྔར་བཞིན་མི་ས་ཡ་མང་བོས་ཆེས་གཞི་རྩའི་འགོག་སྲུང་བྱེད་ཐབས་དེ་དག་ལག་ལེན་བྱེད་ཐབས་མི་འདུག་ཟེར། 

ཐན་ཏི་སེ་ཡིས་ཁྱབ་སྒྲོག་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཟའ་འཁོར་འདིའི་ནང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འཐབ་ཇུས་གྲ་སྒྲིག་དང་འགོག་བཅོས་འཆར་གཞི་གསར་བ་ལག་བསྟར་བྱེད་རྒྱུ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མཁོ་བའི་ཐོན་ཁུངས་ལེགས་བསྒྱུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།