ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གི་རྒྱལ་ཁབ་དང་ལས་ཁུངས་ཀྱི་མགོ་ཁྲིད་པ་རེ་འགས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གསུམ་ཉིན་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ལས་ཁུངས་ཀྱི་མགོ་ཁྲིད་པ་རེ་འགས་མཉམ་དུ་བཀོད་པའི་མཉམ་འབྲེལ་གསལ་སྒྲོག་ཅིག་ཁྱབ་སྒྲོག་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་ཁུངས་གཞན་པའི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་དེ་ནི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི། ནོར་ཝེའི་དབུ་བཞུགས་བློན་ཆེན་སོ་ཨར་པེ་ཀི། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་ཀྱིས་མཉམ་དུ་བཀོད་པ་རེད། 

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་སོ་སོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་ཅིང་། ཕན་ཚུན་དམ་དུ་འབྲེལ་བའི་འཛམ་གླིང་ཡོངས་ནས། རྒྱལ་ཁབ་དང་ས་ཁུལ་ཚང་མས་རིམས་ནད་འགོག་བཅོས་བྱས་ན། ད་གཟོད་ངེས་པ་དོན་གྱི་བདེ་འཇགས་མངོན་འགྱུར་བྱེད་ཐུབ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཅིག་ཡིན་པས། ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་དང་གསོ་བཅོས་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་པ་དང་། གཞི་རྒྱ་ཆེ་བའི་མཐུན་སྦྱོར་གཅིག་མཐུན་གྱི་འགུལ་སྐྱོད་རྩ་འཛུགས་བྱེད་དགོས། ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་ཁུངས་གཞན་པའི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་མཉམ་ལས་སྟེགས་བུ་བཙུགས་ཏེ། རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པ་དང་ཕན་ནུས་ལྡན་པའི་གསོ་བཅོས་བྱེད་ཐབས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤེལ་བའི་གཞི་རྒྱ་ཆེ་བའི་སྐུད་ཐོག་ཞལ་འདེབས་འབུལ་བའི་གྲོས་ཚོགས་ཚེས་བཞི་ཉིན་སྤེལ་རྒྱུ་རེད། ཐེངས་འདིའི་གྲོས་ཚོགས་ནས་མེ་སྒོར་ཐེར་འབུམ་བརྒྱད་བསྡུས་ཏེ་འཛམ་གླིང་ཡོངས་ཀྱི་རིམས་འགོག་མ་དངུལ་དཀོན་པའི་མི་འདང་ས་ཁ་བསྐང་རྒྱུའི་འཆར་གཞི་ཡོད། མ་དངུལ་དེ་དག་ཚན་རིག་པ་དང་འཕྲོད་བསྟེན་ཆེད་ལས་མི་སྣ། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་སོགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་སྤེལ་བའི་ཐད་བཀོལ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་མཇུག་མཐར་བསྟན་དོན། ད་ལྟ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་ཞིང་། ཚན་རིག་དང་མཉམ་ལས་ཀྱི་སྙིང་སྟོབས་བཟུང་སྟེ། ང་ཚོས་སང་ཉིན་གྱི་མཐུན་སྒྲིལ་ཐད་རྨང་གཞི་འདིང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་སྣེ་ཁྲིད་འོག ང་ཚོས་སྡོད་ཁུལ་དང་སྤྱི་ཚོགས། འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་མི་སུ་ཡང་རྗེས་ལ་ལུས་སུ་འཇུག་མི་སྲིད་པ་ཁོ་ཐག་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།