ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་གསུམ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་གྱི་པུས་ཨར་ཨ་པུའུ་ཏི་གྲོང་ཁྱེར་ནས་འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་པུས་ཨར་ཨ་པུའུ་ཏི་གྲོང་ཁྱེར་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད་པར་མ་ཟད། རང་འགུལ་མེ་མདའ་བཅུ་གསུམ་དང་འགད་རྫས་གསུམ། འགད་རྫས་སྐེད་འཆང་གཉིས་བཅས་གཞུང་བཞེས་བྱས་ཟེར་ཡང་། གསལ་སྒྲོག་ལས་བྱེ་བྲག་གི་དུས་ཚོད་གསལ་བོར་བརྗོད་མེད། 

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ་ཉེན་ཁ་ཧ་ཅང་ཆེ་བའི་འཇིགས་སྐུལ་ཉེས་ཅན་གཉིས་བསད་པ་དང་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ཨེ་ཅིབ་དམག་ཕྱོགས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཞི་ནེ་བྱང་མ་ཞིང་ཆེན་དུ་ཉིན་དེར་དམག་ཕྱོགས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། དམག་མི་བཅུར་ཤི་རྨས་ཐེབས་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ཧ་ཅང་ཛ་དྲག་རེད། ཉིས་སྟོང་ཉི་ཤུ་ལོའི་ཚུན་ལ། ཨེ་ཅིབ་དམག་དཔུང་གིས་ཐེངས་མང་བོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།