ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་སྤེལ་བ་དང་། ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་ཕན་ནུས་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་པར་གཟེངས་བསྟོད་བྱས།
ཉེ་སྔོན་རིམས་འགོག་དངོས་རྫས་དྲུད་པའི་ཀྲུང་གོའི་རོགས་སྐྱོར་དེ་ཧང་ག་རིའི་པུའུ་ཏཱ་ཕའེ་སི་རུ་འབྱོར། ཧང་ག་རིའི་གསར་གཏོད་དང་ལག་རྩལ་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ལཱ་སི་ལོ་ཡིས་བསྟན་དོན། རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དངོས་སྐྱེལ་ལ་བཀག་རྒྱ་བཟོས་པ་དང་། རྒྱུན་རྣམ་ཅན་གྱི་གཏན་འཇགས་སྐྱེལ་འདྲེན་གྱིས་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་འགོག་དངོས་རྫས་དུས་ལྟར་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་མཉམ་ལས་རྒྱུན་མཐུད་ངང་སྤེལ་བར་ཡང་ཁག་ཐེག་བྱས།
ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཉེར་གཉིས་ཉིན་གྱི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པ་དང་ཀྲུང་གོའི་ཆེད་མཁས་པས་འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་དངོས་འཐབ་མཉམ་སྤྱོད་སྟེགས་བུའི་སྟེང་རིམས་འགོག་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་འགོག་བཅོས་ལྟེ་གནས་ཀྱི་ཀྲུའུ་རིན་ཁུན་ཀི་སུང་གིས་བརྗེ་རེས་བྱེད་སྐབས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གིས་མྱུར་དུ་རིམས་ནད་འགོག་བཅོས་བྱེད་པའི་ཐད་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཨ་ཧྥེ་རི་ཁ་གླིང་གིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པར་འདོད།
མིག་སྔའི་བར་དུ། ཀྲུང་གོས་རྒྱལ་ཁབ་བཅུ་དྲུག་ཏུ་སྐོར་ཁག་བཅོ་ལྔར་བགོས་ནས་བསྡོམས་པས་མི་བརྒྱ་དང་ཞེ་དགུ་ཡོད་པའི་སྨན་བཅོས་འགོག་སྲུང་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་ཡོད། མིག་སྔར་སེར་ཝེ་ཡཱའི་རྒྱལ་སྲུང་པུའུ་ཡིས་ཀྲུང་གོའི་སེར་ཝེ་ཡཱའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེས་མཐོའི་གཟི་བརྗིད་མཚན་སྙན་མཚོན་པའི་བྱ་དགའི་རྟགས་མ་བྱིན། སེར་ཝེ་ཡཱའི་རྒྱལ་སྲུང་པུའུ་ཀྲང་ཝུའུ་ལིན་གྱིས་ཀྲུང་གོའི་ཆེད་མཁས་ཚན་ཆུང་གིས་འདོན་སྤྲོད་བྱས་པའི་མཛུབ་སྟོན་དང་གྲོས་གཞི། རྒྱབ་སྐྱོར་བཅས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། སེར་ཝེ་ཡཱ་དང་ཀྲུང་གོའི་བར་གྱི་རྣོ་ལྕགས་ལྟ་བུའི་མཛའ་བཤེས་དེར་མཉམ་དུ་རིམས་འགོག་བྱེད་སྐབས་སྔར་ལས་ལྷད་མེད་སྲ་བརྟན་དུ་འགྱུར་སྲིད་པར་འདོད།
ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་གཞོན་པ་དང་པོ་མཱེ་ལེ་ནེ་ཁི་ཧྥུའུ་ཡིས་བསྟན་དོན། ཀྲུང་གོས་དུས་ཐོག་ཏུ་ནད་དུག་གི་གཞི་རྒྱུའི་རིམ་པ་སོགས་བརྡ་འཕྲིན་ཁྱབ་སྒྲོག་བྱས་ཤིང་། སྦ་གསང་ཅི་ཡང་མེད་པར་ཕྱོགས་སོ་སོའི་བར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པར་མ་ཟད། དགོས་མཁོ་ཡོད་པའི་རྒྱལ་ཁབ་དག་ལ་གསོ་བཅོས་དངོས་རྫས་དང་བརྟག་དཔྱད་སྒྲིག་ཆས་འདོན་སྤྲོད་བྱས་ཏེ་ཚེ་སྲོག་སྐྱོབ་པར་ནུས་པ་ཆེན་པོ་བཏོན་ཡོད། ཀྲུང་གོའི་རིམས་འགོག་ཐད་ཀྱི་སྒོ་འབྱེད་རྣམ་འགྱུར་ལ་ཀུན་གྱིས་གཟེངས་བསྟོད་བྱེད་པ་དང་། ཨུ་རུ་སི་ལའང་ཕན་ཐོགས་བྱུང་ཡོད་ལ། ཀྲུང་གོའི་ཉམས་མྱོང་གིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་ཕན་ནུས་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད་ཟེར།