འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་ཚོགས་བསྡུས་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་བབ་ལ་གྲོས་སྡུར་བྱེད་པ་མ་ཟད་རིམས་ཟློག་གྲོས་གཞི་གསར་བསྒྱུར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྤྱིའི་ལས་འཛིན་པ་ཐན་ཏི་སའེ་ཡིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུ་ཉིན་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་བབ་ལ་གྲོས་སྡུར་བྱེད་པ་མ་ཟད་རིམས་ཟློག་གྲོས་གཞི་གསར་བསྒྱུར་བྱེད་རྒྱུ་ཡིན་ཟེར།

ཐན་ཏི་སའེ་ཡིས་ཉིན་དེའི་གསར་འགོད་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ཟླ་དང་པོའི་ཟླ་མཇུག་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དེ་རྒྱལ་སྤྱིས་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་དུ་གྱུར་བ་དྲིལ་སྒྲོག་བྱས་པའི་ཚུན་དུ་ཟླ་གསུམ་ལྷག་འགོར་སོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་གཏན་ཁེལ་གཞིར་བཟུང་ནས། ཚེས་སུམ་ཅུའི་ཉིན་བར་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། རིམས་ནད་ཀྱི་ད་ལྟའི་གནས་བབ་ལ་གྲོས་སྡུར་དང་གདེང་འཇོག་བྱེད་རྒྱུ་ཡིན་པ་མ་ཟད། རིམས་ཟློག་གྲོས་གཞི་གསར་བསྒྱུར་བྱེད་རྒྱུ་ཡིན་ལ། ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས་སྤྱིའི་ལས་འཛིན་པར་རིམས་ནད་དེ་རྒྱལ་སྤྱིའི་དོ་སྣང་བྱེད་པའི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་དུ་འགྱུར་མིན་གྱི་གྲོས་གཞི་འདོན་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།