ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལེ་ཨིན་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས29ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལེ་ཨིན་ལ་ཁ་པར་བཏང་།

 ལིས་ཁི་ཆང་གིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་བོར་མཆེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རེས་བྱ་རྒྱུ་ཡིན་ལ། མིག་སྔའི་གནས་ཚུལ་འོག་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་མཉམ་འབྲེལ་དམ་ཟབ་བྱ་རྒྱུ་དང་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས་རིམས་ནད་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་སླར་གསོ་བྱེད་པ་བཅས་ཀྱི་ཐད་ལ་བསམ་བློ་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་གནང་རོགས་ཞེས་གསུངས་པ་རེད།

  ལིས་ཁི་ཆང་གིས་བསྟན་དོན། ནད་དུག་ལ་རྒྱལ་མཚམས་མེད། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་བསྟན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་འགོར་དང་ལེན་ཧུར་ཐག་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ལ་རྒྱལ་སྤྱིའི་མཉམ་ལས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཧུར་ཐག་སྒོས་རིམས་འགོག་སྨན་ཁབ་དང་། སྨན་བཅོས་སྨན་རྫས། ནད་བརྟག་ཚོད་ལྟའི་སྨན་རྫས་སོགས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལས་དོན་ནང་ཞུགས་ཏེ་སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་རེ་སྒུག་བྱེད་བཞིན་ཡོད།

ཧྥུན་ཏི་ལེ་ཨིན་གྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ་ཡོ་རོབ་གླིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དམ་ཟབ་དང་དུས་ངལ་མཉམ་སེལ་བྱས་ཡོད།  པྲོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པའི་སྐབས་འདིར་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་དང་མཐུན་སྦྱོར་མཉམ་ལས་བྱེད་བཞིན་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་རིམ་བཞིན་སླར་གསོ་བྱ་རྒྱུ་མ་ཟད། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་དང་གསར་སྤེལ་བཅས་ཀྱི་ཐད་ལ་རྒྱལ་སྤྱིའི་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་ཧོ་ལི་ཧྥུང་གཉིས་གོང་གི་བྱ་འགུལ་ནང་ཞུགས་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།