ཕུའུ་ཅིན་གྱིས་ཨུ་རུ་སི་རྒྱལ་ཡོངས་ཀྱི་གནང་བ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་རྒྱལ་ཡོངས་ཀྱི་གནང་བ་དེ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནས་འབྲེལ་ཡོད་སྡེ་ཁག་གི་དཔོན་རིགས་དང་མཉམ་འབྲེལ་རྒྱལ་ཕྲན་སོ་སོའི་སྲིད་འཛིན་དཔོན་པོའི་བར་གྲོས་ཚོགས་བསྡུས། ཁོས་ཨུ་རུ་སིའི་རྒྱལ་ཡོངས་ཀྱི་གནང་བ་དེ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ས་ཁུལ་སོ་སོས་མུ་མཐུད་དུ་མིག་སྔར་སྤྱད་པའི་རིམས་འགོག་བྱེད་ཐབས་བརྩི་སྲུང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

ཕུའུ་ཅིན་གྱིས་ད་རུང་ཨུ་རུ་སིའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཟླ་ལྔ་བའི་ཚེས་ལྔ་ཉིན་གྱི་སྔོན་ལ་གྲོས་གཞི་བཏོན་ནས། ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ནས་བཟུང་རིམ་བཞིན་བཀག་འགོག་བྱེད་ཐབས་མེད་པར་གཏོང་བར་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། གྲོས་གཞི་དེ་དག་གིས་རིམས་ནད་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་དགོས་པ་དང་། བཀག་འགོག་བྱེད་ཐབས་མེད་པར་གཏོང་བར་ཚད་གཞི་དང་གཞི་གྲངས་འདོན་སྤྲོད་བྱེད་དགོས། རྒྱལ་ཕྲན་མཉམ་འབྲེལ་སོ་སོར་གཟའ་འཁོར་གཅིག་རིང་གི་གྲ་སྒྲིག་དུས་ཚོད་ཡོད། སྐབས་ཐོག་དེར་ས་ཁུལ་སྐོར་ཞིག་གིས་མུ་མཐུད་དུ་བཀག་འགོག་བྱེད་ཐབས་ལག་བསྟར་བྱེད་དགོས་ཀྱང་། ས་ཁུལ་གཞན་པས་རིམ་བཞིན་དུ་བཀག་འགོག་བྱེད་ཐབས་མེད་པར་བཏང་ནས་བྱ་བ་སླར་གསོ་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ཀྱིས་དཔལ་འབྱོར་དང་ཁེ་ལས་ལ་གནོད་པ་ཚབས་ཆེན་བཏང་ཡོད་པས། ཨུ་རུ་སིའི་སྲིད་གཞུང་གིས་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་བ་རབ་དང་རིམ་པ་འདོན་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། འདས་པའི་གཟའ་འཁོར་འགའི་ནང་གི་བཀག་འགོག་བྱེད་ཐབས་ཀྱིས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་ཐེབས་ཡོད་པ་དང་། ནད་པའི་ཁ་གྲངས་ཇེ་མང་དུ་འགྲོ་ཚད་ཇེ་དལ་དུ་བཏང་ཡོད་ཀྱང་། རྒྱལ་ནང་གི་རིམས་ནད་གནས་ཚུལ་སྔར་བཞིན་རྙོག་འཛིང་ལྡན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།