ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྐྱོན་འཛུགས་དང་ངོ་རྒོལ་བྱེད་པ་དེ་འདྲ་མཉམ་མིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྐྱོན་འཛུགས་དང་ངོ་རྒོལ་བྱེད་པ་ནི་འདྲ་མཉམ་མིན་པའི་སྣང་ཚུལ་ཞིག་རེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་ཆེད་དོན་ལས་ཁུངས་ནི་འབྲེལ་ཡོད་ཁྱབ་ཁོངས་སུ་གཞན་གྱིས་བསྒྲུན་དུ་མེད་པའི་ཕྱོགས་མང་མཉམ་ལས་རྐྱེན་སྲོལ་ཅིག་ཡིན་པ་དང་། དེ་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བའི་ཐད་བཀོལ་ཆོག་ཆོག་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ངོ་རྒོལ་བྱེད་པ་དང་མིག་སྔའི་གནད་དོན་དག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགོ་འཇོག་འདོད་པ་དེར་འཛུགས་སྐྲུན་རང་བཞིན་ཅི་ཡང་མི་ལྡན་པར་མ་ཟད་འདྲ་མཉམ་མིན་པའི་སྣང་ཚུལ་ཞིག་ཡིན་པར་འདོད་ཡོད་ཟེར། 

ཨུ་རུ་སི་དང་རྒྱལ་ཁབ་མང་ཆེ་བས་བལྟས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉམས་ཉེན་གྱི་དུས་རིམ་སོ་སོ་ནས་ཆེད་ལས་ཀྱི་སྣང་ཚུལ་མངོན་པ་དང་། སྔ་མོ་ནས་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཚང་མར་བརྡ་འཕྲིན་དང་གྲོས་གཞི་ཁྱབ་སྒྲོག་བྱས་ཡོད་པར་འདོད། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དེ་ནི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དང་ཉེན་ཁ་ཞིག་ཡིན་ཞིང་། དེར་རྒྱལ་ཁབ་ཀྱི་ཁྱད་པར་མེད་པས། ཚང་མས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར། 

ཁོས་བཤད་རྒྱུར། ཆེས་གལ་ཆེ་བ་ནི་ང་ཚོས་ད་ནས་བཟུང་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཉེན་ཁ་གང་ཡིན་ཡང་རྒྱལ་ཁབ་ཀྱི་ཁྱད་པར་མེད་པ་གསལ་བོར་ཤེས་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་སོ་སོའི་མགོ་གཙོས་འགོ་ནད་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། མཉམ་དུ་འགོག་སྨན་གྱི་ཐོན་སྐྱེད་དང་བེད་སྤྱོད་བྱེད་པའི་ཐད་ནས་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད། གཟའ་འཁོར་འདིའི་ནང་སྤེལ་རྒྱུ་ཡིན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་བརྙན་རིས་གྲོས་ཚོགས་སྟེང་ཕྱོགས་སོ་སོས་རྐྱེན་སྲོལ་དེའི་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།