ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཨ་རི་ཙུང་ཐུང་རྣམ་གཉིས་ཀྱིས་དབྱི་པེ་གཙང་པོའི་མཉམ་འཛོམས་བྱུང་ནས་ལོ75འཁོར་བར་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་ཚེས25ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་ཨ་རི་དང་སུའུ་ལེན་གྱི་དམག་དཔུང་འཇར་མན་གྱི་དབྱི་པེ་གཙང་པོ་རུ་མཉམ་འཛོམས་བྱུང་ནས་ལོ75འཁོར་བར་དྲན་གསོ་བྱ་ཆེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་ཉིན་དེར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། “དབྱི་པེ་གཙང་པོའི་སྙིང་སྟོབས”ནི་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་མི་མཐུན་པའི་ཆ་དོར་ནས་མཉམ་ལས་ཀྱི་འགོ་ཚུགས་པའི་དཔེ་མཚོན་ཞིག་རེད་ཅེས་བཤད་པ་རེད།

གསལ་བསྒྲགས་ནང་བསྟན་དོན། ཨ་རི་དང་སུའུ་ལེན་གྱི་དམག་དཔུང་དབྱི་པེ་གཙང་པོ་རུ་མཉམ་འཛོམས་བྱུང་བ་དེ་ནི་ན་ཚུའེ་སྲིད་དབང་ཕམ་ཉེས་འབྱུང་བར་སྔོན་བརྡ་བཏང་བ་དང་། དེ་ནི་རྒྱལ་ཁབ་མང་པོའི་མི་དམངས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྒྲགས་གཏམ》གྱི་སྒྲོམ་གཞི་འོག་ཐུན་མོང་ཐོག་འབད་བརྩོན་ཆེན་པོ་བྱས་པའི་མཚོན་རྟགས་ཤིག་རེད།

གསལ་བསྒྲགས་ནང“དབྱི་པེ་གཙང་པོའི་སྙིང་སྟོབས”ནི་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་མི་མཐུན་པའི་ཆ་དོར་ནས་ཕན་ཚུན་ཡིད་ཆེས་དང་ཐུན་མོང་གི་དམིགས་ཚད་མངོན་འགྱུར་བྱ་ཆེད་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་རེད། “ད་ཆ་དུས་རབས21པའི་ཛ་དྲག་གི་འགྲན་སློང་ལ་ཁ་གཏད་གཅོག་སྐབས་ང་ཚོས་ཐུན་མོང་ཐོག་ཧྥ་ཤི་སི་རིང་ལུགས་ལ་རྡུང་རྡེག་གཏོང་མཁན་རྣམས་ལ་གུས་འདུད་ཞུ་རྒྱུ་མ་ཟད། ཁོང་ཚོའི་དཔའ་ངར་ཞུམ་མེད་ཀྱི་སྤོབས་པའང་ནམ་ཡང་བརྗེད་མི་སྲིད།”ཅེས་བཤད། 

 ཨ་རིའི་ཕོ་བྲང་དཀར་པོས་ཉིན་དེར་ཐེ་རོན་ཕུ་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་དབྱི་པེ་གཙང་བོའི་མཉམ་འཛོམས་བྱུང་ནས་ལོ75འཁོར་བར་དྲན་གསོ་བྱ་ཆེད་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།

1945ལོའི་ཟླ4པའི་ཚེས25ཉིན་འཇར་མན་གྱི་ཤར་རྒྱུད་གྲོང་ཁྱེར་ཐོའར་ཀའོ་ལྷོ་རྒྱུད་དུ་གནས་པའི་དབྱི་པེ་གཙང་པོའི་ངོགས་ཀྱི་ཟམ་པ་ཆུང་ཆུང་ཞིག་ཏུ་ཨ་རི་དང་སུའུ་ལེན་རྒྱལ་ཁབ་ཀྱི་དམག་མི་ཕན་ཚུན་ལ་ཕྱག་འཇུས་གནང་བའི་པར་རིས་ཤིག་དུས་དེ་ནས་བཟུང་འཛམ་གླིང་ཡོངས་སུ་ཁྱབ་སྟེ་མནའ་འབྲེལ་དམག་གིས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་མཚོན་རྟགས་ཤིག་ཏུ་གྱུར། དེ་རྗེས་ཀྱི་གཟའ་འཁོར་གཉིས་ཀྱི་རྗེས་སུ་འཇར་མན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་མགོ་བཏགས་པ་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།