ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོང་གོ་ཅིན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ས་ཅིན་ཧྲ་སཱ་ནས་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་སུ་འགུལ་སྐྱོད་བྱེད་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཨིན་སི་མུས་འཛིན་བཟུང་བྱས་ཟེར། 

བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ཨིན་སི་མུས་ཀྱི་ཅིན་ཧྲ་སཱ་རུ་ཡོད་པའི་སྡོད་གནས་ཀྱི་མཐའ་བསྐོར་བ་དང་། ཨིན་སི་མུས་དང་གྲོས་མོལ་བྱེད་པར་ཕམ་ཉེས་བྱུང་རྗེས་འཛིན་བཟུང་འགུལ་སྐྱོད་སྤེལ་བ་རེད། ཨིན་སི་མུས་དང་དེའི་ཚོགས་ཁག་གི་ཁོངས་མིས་ཉེན་རྟོག་ཕྱོགས་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བརྒྱད་བསད་པ་དང་། གཞན་ཡང་མི་སོ་ལྔར་རྨས་ཕོག་ཡོད་ཟེར། 

ཨིན་སི་མུས་ཀྱིས་མགོ་ཁྲིད་པའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལྡན་པའི་ཨིན་སི་མུས་དྲག་རྩ་འཛུགས་དེ་གཙོ་བོ་ཁོང་གོ་ཅིན་གྱི་ལྷོ་ནུབ་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། ཨིན་སི་མུས་ཀྱིས་ཉིས་སྟོང་བཅུ་བདུན་ལོར་རིགས་རྒྱུད་ཚོ་ཁག་བར་གྱི་འཁྲུག་རྩོད་ལ་ངན་སྐུལ་བྱས་པ་དང་། དྲག་ཆས་ཚོགས་ཁག་རྩ་འཛུགས་བྱས་པ། ཁྲིམས་འགལ་གྱིས་མཚོན་ཆ་བཟུང་བ་སོགས་ཉེས་མིང་གིས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག ལོ་དེར་བཙོན་ཁང་ལས་བྲོས་བྱོལ་བྱས། ད་ལོའི་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། ཨིན་སི་མུས་དྲག་རྩ་འཛུགས་ཀྱིས་ཁོང་གོ་དབུས་མ་ཞིང་ཆེན་དུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག་ཡོད། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།