འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་སྤྱིའི་མཉམ་ལས་ཀྱི་འདོད་བློ་དངོས་སུ་ལག་བསྟར་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་འགོག་སྨན་དང་ནད་བརྟག་ཡོ་བྱད། གསོ་བཅོས་ཡོ་བྱད་ཀྱི་གསར་སྤེལ་དང་ཐོན་སྐྱེད། འདྲ་མཉམ་བགོ་བཤའ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཉིན་དེའི་བརྙན་རིས་གྲོས་ཚོགས་སྟེང་ཐན་ཏི་སེ་ཡིས་ཁྱབ་སྒྲོག་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་མཉམ་ལས་གྲོགས་པོ་གཞན་པ་དང་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམ་ནད་འགོག་རྒོལ་བྱེད་པའི་ཡོ་བྱད་བཟང་བོ་ཐོབ་པར་བྱེད་དགོས་ཞེས་པའི་རྒྱལ་སྤྱིའི་མཉམ་ལས་འདོད་བློ་ལག་བསྟར་བྱས་པ་དང་། འདོད་བློ་དེས་རྩ་འཛུགས་དང་སྒེར་གཉེར་སྡེ་ཁག་མང་བོའི་སྟོབས་ཤུགས་གཅིག་ཏུ་དྲིལ་ནས། སྔར་ལས་མྱུར་བ་དང་གཞི་རྒྱ་ཆེ་བའི་སྒོ་ནས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་སོགས་ཀྱི་བྱ་བ་སྤེལ་རྒྱུ་རེད། 

ཐན་ཏི་སེ་ཡིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ནི་སྔོན་བྱུང་མྱོང་མེད་པའི་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཅིག་ཡིན་པ་དང་། དེ་ལ་སྔ་ན་མེད་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་དོ་སྣང་ཐོབ་ཡོད། ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱིས་ནུས་པ་གཙོ་བོ་བཏོན་ཡོད། ད་ལོའི་ཟླ་དང་པོའི་ཚུན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནམ་རྒྱུན་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་མི་སྣ་སྟོང་ཕྲག་འགའི་བར་མཉམ་ལས་བྱས་ཤིང་། སྲོག་ཆགས་ཀྱི་དཔེ་གཞི་ནས་ནད་ཐོག་གི་ཚོད་ལྟའི་བར་རྗེས་འདེད་བྱས་པའི་འགོག་སྨན་གྱི་གསར་སྤེལ་བརྒྱུད་རིམ་ལ་སྐུལ་འདེད་བཏང་བ་དང་། མིག་སྔར་འཛམ་གླིང་ཡོངས་སུ་བེད་སྤྱོད་བྱེད་པའི་ནད་བརྟག་ཡོ་བྱད་གསར་སྤེལ་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་གསོ་བཅོས་བྱེད་ཐབས་བཞིའི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་ནད་ཐོག་ཚོད་ལྟ་བྱེད་པར་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། ང་ཚོ་མི་ཚང་མས་རླབས་ཆེ་བའི་བྱ་བ་བསྒྲུབ་བཞིན་ཡོད་ཀྱང་། ང་ཚོས་ཁེར་རྐྱང་གི་སྟོབས་ལ་བརྟེན་མི་རུང་། ང་ཚོས་ཐབས་ལམ་གསར་བའི་སྒོ་ནས་མཉམ་ལས་བྱས་ཏེ་འགྲན་རྩོད་མཉམ་དུ་བསུས་ནས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར། 

ཁོས་ནན་གྱིས་བསྟན་དོན། འདས་པའི་ཉམས་མྱོང་ལས་གསོ་བཅོས་ཡོ་བྱད་ཡོད་ཀྱང་། འདྲ་མཉམ་གྱིས་མི་ཚང་མར་བགོ་བཤའ་བྱས་མེད་པའི་སྣང་ཚུལ་ཡོད་པ་རེད། ང་ཚོས་དེ་འདྲའི་གནས་ཚུལ་འབྱུང་དུ་འཇུག་མི་རུང་ཟེར། 

མཉམ་འབྲེལ་རྒྱ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་སོགས་ཀྱང་ཉིན་དེའི་བརྙན་རིས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ཐད་འགོག་རྒོལ་བྱེད་པའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།