ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་དང་གསོ་བཅོས་ཡོ་བྱད་དེ་མི་ཚང་མར་ཐོབ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བཞིའི་ཉིན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་དང་གསོ་བཅོས་ཡོ་བྱད་ཀྱི་གསར་སྤེལ་དང་ཐོན་སྐྱེད། བགོ་བཤའ་བཅས་ལ་འབྲེལ་བའི་རྒྱལ་སྤྱིའི་མཉམ་ལས་འདོད་བློའི་བརྙན་རིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་དང་གསོ་བཅོས་ཡོ་བྱད་དེ་མི་ཚང་མར་ཐོབ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འབྲེལ་ཡོད་ཡོ་བྱད་ཀྱི་གསར་སྤེལ་དང་ཐོན་སྐྱེད་བྱེད་པར་རྒྱལ་ཁབ་གཅིག་དང་ས་ཁུལ་རེ་འགའི་མི་སྐོར་ཞིག་བསམ་མི་རུང་བར་འཛམ་གླིང་ཡོངས་ཀྱི་མི་ཚང་མ་བསམ་དགོས་ལ། འབྲེལ་ཡོད་ཡོ་བྱད་ཀྱི་རིན་གོང་བདེ་བ་དང་བདེ་འཇགས་ཡིན། ཕན་ནུས་ལྡན་པ། བཀོལ་བདེ་བ་ཞིག་ཡིན་དགོས་ཟེར། 

ཁོས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་དང་གསོ་བཅོས་ཡོ་བྱད་དེ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ཀྱི་དཔེ་སྟོན་དུ་འགྱུར་དགོས། དུས་ཡུན་རིང་བོའི་ཚུན་ལ། འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ལ་མཐོང་ཆེན་གང་ལེགས་ཐོབ་མེད། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་བྱུང་བའི་བསླབ་བྱ་གལ་ཆེན་ནི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་དང་སྨན་བཅོས་ཀྱིས་དམངས་ཡོངས་ལ་ཁེབས་པའི་རྒྱབ་སྐྱོད་ཤུགས་ཚད་མི་འདང་བར་མངོན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འཇིགས་ཉེན་མེད་པར་གཏོང་བར་སྔ་ན་མེད་པའི་སྤྱི་བའི་འཕྲོད་བསྟེན་སྟོབས་ཤུགས་ཤིག་མཁོ་བ་དང་། རྒྱལ་ཁབ་སོ་སོས་ངེས་པར་དུ་གཞི་གྲངས་མཉམ་སྤྱོད་བྱེད་པ་དང་ཐོན་ནུས་ལ་ཤུགས་སྣོན་བྱེད་པ། ཐོན་ཁུངས་མཉམ་སྤྱོད་བྱས་ཏེ། སྡོད་ཁུལ་གྱི་ཟབ་ཞུགས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད་ཆབ་སྲིད་ཀྱི་འགལ་བ་བསྐྱུར་དགོས་ཟེར། ཁོས་བཤད་རྒྱུར། ད་ལྟ་མཉམ་དུ་སྦྲེལ་བའི་འཛམ་གླིང་དུ་མི་སུ་ཞིག་པྲོག་དབྱིབས་ནད་དུག་གི་མདུན་ནས་ཁེར་རྐྱང་དུ་སྡོད་ཐབས་མི་འདུག 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་དང་གསོ་བཅོས་ཡོ་བྱད་ཀྱི་རྒྱལ་སྤྱིའི་མཉམ་ལས་འདོད་བློ་དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བ་དང་། རྩ་འཛུགས་དང་གཞུང་སྒེར་སྡེ་ཁག་མང་བོའི་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་སྔར་ལས་གཞི་རྒྱ་ཆེ་བ་དང་མྱུར་སྟོབས་ཆེ་བའི་སྒོ་ནས་གསར་སྤེལ་དང་ཐོན་སྐྱེད་བྱེད་རྒྱུ་རེད། ཀུའུ་ཐི་ལོས་སི་ལས་གཞན་ད་རུང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་སོགས་བརྙན་རིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།