ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་རིམས་ནད་འགོག་བཅོས་བྱ་བར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་མན་ཐི་སི་ཅི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་གནོད་པ་ཐེབས་སྲིད་པས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་ཇི་ལྟར་ཐཱ་ལེ་པན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་རིམས་འགོག་འགོག་བཅོས་བྱ་བ་སྤེལ་བར་གྲོས་བསྡུར་བྱེད་བཞིན་ཡོད། 

མན་ཐི་སི་ཅི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་དང་ཐཱ་ལེ་པན་ལ་རིམས་ནད་ཀྱི་གནོད་པ་ཐེབས་སྲིད་པ་ལྡོག་མེད་ཡིན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་བར་གྲོས་མོལ་བྱས་ཏེ། ཐཱ་ལེ་པན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་རིམས་ནད་འགོག་བཅོས་བྱེད་ཐབས་ཐད་ནས་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། རིམས་ནད་ཀྱི་མདུན་ནས་ཨ་ཧྥུའུ་ཧན་གྱི་ཞི་བདེ་འཕེལ་རིམ་དེ་འགྲན་རྩོད་གསར་བར་འཕྲད་སྲིད་ཟེར། 

ཨ་ཧྥུའུ་ཧན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉི་ཤུ་ཉིན་བར། ཨ་ཧྥུའུ་ཧན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་ཉེར་དྲུག་ཡོད་པ་དང་། ནད་པ་སོ་དྲུག་རྐྱེན་ལམ་དུ་ཤོར། སྲིད་གཞུང་གིས་རྒྱལ་ས་ཁཱ་པོར་སོགས་གྲོང་ཁྱེར་གཙོ་བོར་བཀག་སྡོམ་ནན་མོ་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་ཀྱང་། སྨན་བཅོས་སྒྲིག་ཆས་ཉུང་བ་དང་རིམས་འགོག་མཁོ་དངོས་དང་ཞིབ་བཤེར་ནུས་པ་ཞན་པའི་དབང་གིས་ཕྱི་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རིམས་ནད་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།