ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་སྨྱུང་གནས་ཟླ་བའི་སྐབས་སུ་མུ་མཐུད་དུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་བྱེད་ཆེད། ད་ལོའི་སྨྱུང་གནས་ཟླ་བའི་སྐབས་སུ་ཨེ་ཅིབ་ཀྱིས་མུ་མཐུད་དུ་རྒྱལ་ཡོངས་ཁྱབ་ཁོངས་སུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

མཱ་ཏི་པུའུ་ལེ་ཡིས་ཉིན་དེར་བརྙན་འཕྲིན་ཐད་གཏོང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཐེངས་འདིའི་མཚན་མགྲོན་འགོག་པའི་བྱེད་ཐབས་དེ་ད་ལོའི་སྨྱུང་གནས་ཟླ་བའི་ཉིན་དང་པོ་སྟེ་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན། དུས་ཚོད་ནི་ཉིན་རེའི་དགོང་མོའི་དུས་ཚོད་དགུ་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་ཡིན་ལ། ཡུན་ཚད་ནི་སྨྱུང་གནས་ཟླ་བ་མཇུག་སྒྲིལ་རག་བར་ཡིན། དེའི་སྐབས་སུ་ཉོ་ཚོང་ལྟེ་གནས་ཆེ་གྲས་དང་ཚོང་ར་སོགས་ཀྱིས་གཟའ་པ་སངས་དང་གཟའ་སྤེན་པའི་ཉིན་ཕྱི་དྲོའི་དུས་ཚོད་ལྔའི་བར་ཚོང་གཉེར་བྱས་ཏེ། སྨྱུང་གནས་ཟླ་བའི་སྐབས་ཀྱི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོས་ཆོག་ཟེར། 

མཱ་ཏི་པུའུ་ལེ་ཡིས་བསྟན་དོན། ད་ལོའི་སྨྱུང་གནས་ཟླ་བའི་སྐབས་སུ། ཨེ་ཅིབ་ཀྱིས་མཉམ་འདུས་རང་བཞིན་གྱི་ཆོས་ལུགས་བྱ་འགུལ་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མཉམ་དུ་འདུས་ནས་ཕྱག་འཚལ་བ་དང་མཉམ་གཅིག་ཏུ་སྨྱུང་གྲོལ་གསོལ་སྟོན་ལ་རོལ་བ་སོགས་འདུས། ཨེ་ཅིབ་སྲིད་གཞུང་གིས་སྨྱུང་གྲོལ་ཟླ་བ་མཇུག་སྒྲིལ་རྗེས་སྔོན་འགོག་བྱེད་ཐབས་སྤྱོད་པའི་ཞོར་དུ་རིམ་བཞིན་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་སྡེ་ཁག་དང་ཐོན་ལས་སྒོ་འབྱེད་བྱེད་རྒྱུའི་འཆར་གཞི་ཡོད། 

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨེ་ཅིབ་ཏུ་ཉིན་དེར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉིས་བརྒྱ་དང་སོ་གཉིས་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་གོ་གཅིག་ཡོད། ནད་པ་བཅུ་གཅིག་གསར་དུ་རྐྱེན་ལམ་དུ་ཤོར་བ་དང་། རིམ་རྩིས་ཀྱིས་ནད་པ་ཉིས་བརྒྱ་དང་གྱ་གསུམ་རྐྱེན་ལམ་དུ་ཤོར། ཉིན་དེར་ནད་པ་རེ་དགུ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་བཞི་དྲག་སྐྱེད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།