ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་བརྙན་རིས་གྲོས་ཚོགས་བསྡུས་ཏེ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་བཅས་ཀྱིས་ཉིན་དེར་བརྙན་རིས་གྲོས་ཚོགས་བསྡུས་ཏེ་སི་རི་ཡཱའི་གནས་བབ་ཀྱི་འཕེལ་རྒྱས་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས། 

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་ཚོགས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་བརྩི་སྲུང་བྱེད་རྒྱུ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་རྒྱུ་བསྐྱར་སྒྲོག་བྱས། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གཅིག་གྱུར་སྒོས་བལྟས་ན། སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་རྐྱེན་སྲོལ་གྱིས་སི་རི་ཡཱའི་གནས་བབ་གཏན་འཇགས་སུ་གཏོང་བ་དང་། ཡུལ་གྱར་བ་ཕྱིར་ལོགུ་པར་རོགས་རམ་བྱེད་པ། མི་ཆོས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་དུ་སྣེ་ཁྲིད་ཀྱི་ནུས་པ་གཙོ་བོ་བཏོན་ཡོད་པ་དང་། ཞོར་དུ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱིས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད། 

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་ཨ་སི་ཐཱ་ནཱ་གྲོས་མོལ་རྐྱེན་སྲོལ་འོག་ཕན་ནུས་ལྡན་པའི་མཐུན་སྦྱོར་དང་གཞོགས་འདེགས་བྱས་ཏེ། སི་རི་ཡཱའི་གཏན་འཇགས་དང་བདེ་འཇགས་ལ་འགན་སྲུང་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིས་ནད་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་འོག་ཏུ་སི་རི་ཡཱའི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་དེ་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོ་ནས་སྤེལ་མགོ་བརྩམས་པ་དང་། དམིགས་ཡུལ་གཙོ་བོ་ནི་སི་རི་ཡཱའི་མངའ་ཁོངས་ཀྱི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། སི་རི་ཡཱའི་རྒྱལ་ནང་གི་ཆབ་སྲིད་གནད་དོན་གལ་ཆེན་ཐད་ནས་དམིགས་སའི་རང་བཞིན་གྱི་ཐུན་མོང་ལྟ་ཚུལ་བཀོད་དེ། སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པའི་ཆེད་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།