ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཁྲུག་རྩོད་བྱུང་བའི་ས་ཁུལ་བར་གྱི་ལྟོགས་སྐོམ་གནད་དོན་ཚབས་ཆེན་དུ་བསྒྱུར་སྲིད་པའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་ཚེས་ཉེར་གཅིག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་འཁྲུག་རྩོད་དང་ལྟོགས་སྐོམ་གནད་དོན་དང་འབྲེལ་བའི་བརྙན་རིས་གྲོས་ཚོགས་སྟེང་དུ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཁྲུག་རྩོད་བྱུང་བའི་ས་ཁུལ་གྱི་ལྟོགས་སྐོམ་གནད་དོན་སྔར་ལས་ཚབས་ཆེན་དུ་བསྒྱུར་སྲིད་པའི་ཉེན་བརྡ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འགུལ་སྐྱོད་སྤེལ་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བ་དེ་མི་ཆོས་རིང་ལུགས་དང་འབྲུ་རིགས་ཉམས་ཉེན་གྱི་གནོད་འཚེ་ཞིག་ཏུ་མི་འགྱུར་བར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན། 

པུས་སི་ལེ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་སུ་ཉིན་རེར་མི་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ས་ཡ་གཅིག་གིས་ལྟོགས་སྐོམ་མྱོང་བཞིན་ཡོད་པ་དང་། གཞན་ཡང་མི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་ལྟོགས་སྐོམ་གྱི་མཐའ་རུ་གནས་ཡོད་ཟེར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་དབྱེ་ཞིབ་ལས་མངོན་པ་ལྟར་ན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་གི་བར། ད་རུང་མི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཙམ་ལྟོགས་སྐོམ་གྱི་མཐའ་རུ་བསྐྱལ་སྲིད། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཉིན་རེ་བཞིན་མི་དུང་ཕྱུར་གཅིག་ཙམ་ལ་འབྲུ་རིགས་འདོན་སྤྲོད་བྱེད་བཞིན་ཡོད། གལ་ཏེ་ད་ལྟ་མི་དེ་དག་ལ་འབྲུ་རིགས་འདོན་སྤྲོད་བྱེད་མ་ཐུབ་ན། མ་འོངས་པའི་ཟླ་ངོ་གསུམ་ནང་ཉིན་རེར་མི་འབུམ་གསུམ་ལྟོགས་སྐོམ་གྱིས་འཆི་ངེས་རེད། 

ཁོས་ད་རུང་བསྟན་དོན། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་དོན་བརྒྱད་དུ་འགོག་སྲུང་སྒྲིག་ཆས་དང་ཞིབ་བཤེར་དཔྱད་ཆས། ཁ་ཐུམ་སོགས་བསྐྱལ་ཡོད། དེ་ལས་གཞན་མི་ཆོས་རིང་ལུགས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ལས་ཡུལ་དང་པོར་ཡོད་པའི་འཕྲོད་བསྟེན་གྱི་ཆེད་ལས་མི་སྣ་དང་སྨན་ཁང་། ནད་གཡོག་པ། མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་བཅས་རོགས་རམ་མཁོ་བའི་རྒྱལ་ཁབ་ཏུ་སྐྱེལ་བཞིན་ཡོད་ཟེར། 

པུས་སི་ལེ་ཡིས་ནན་གྱིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཞི་བདེའི་ཁོར་ཡུག་ཅིག་མཁོ་བ་དང་། འཛམ་གླིང་ཡོངས་སུ་འཁྲུག་རྩོད་མཚམས་འཇོག་པར་གལ་འགངས་ཧ་ཅང་ཆེ། འཁྲུག་རྩོད་བྱུང་བའི་ཕྱོགས་ཁག་སོ་སོས་མི་ཆོས་རིང་ལུགས་ཀྱི་ལས་བྱེད་མི་སྣས་མྱུར་མོར་བཀག་རྒྱ་མེད་པའི་སྒོ་ནས་སྟོབས་ཤུགས་ཞན་པའི་སྡོད་ཁུལ་ཚང་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དུ་འཇུག་དགོས། དེ་ལས་གཞན་རོགས་སྐྱོར་འགུལ་སྐྱོད་དེ་དག་ལ་དགོས་ངེས་ཀྱི་མ་དངུལ་འདོན་སྤྲོད་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་ཉིན་དེའི་བརྙན་རིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཁྱབ་རྒྱ་ཆེ་བའི་འཁྲུག་རྩོད་དང་གཏན་འཇགས་མིན་པ་ལས་འབྲུ་རིགས་ཀྱི་བདེ་འཇགས་ལ་གནོད་པ་བཏང་ཡོད་ལ། འཁྲུག་རྩོད་སྔོན་འགོག་བྱས་ན་ལྟོགས་སྐོམ་སྔོན་འགོག་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།