ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཞིང་ལས་པུའུ་ཀྲང་གིས་ཧུར་ཐག་སྒོས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་ཀྱི་རྒྱུན་མཐུད་འཁོར་རྒྱུག་ལ་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཞིང་ལས་པུའུ་ཀྲང་གིས་ཚེས་ཉེར་གཅིག་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། ཧུར་ཐག་སྒོས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་ཀྱི་རྒྱུན་མཐུད་འཁོར་རྒྱུག་ལ་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས།

ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་མགོ་འཛིན་བྱས། གྲོས་ཚོགས་ནས་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཞིང་ལས་པུའུ་ཀྲང་གིས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་བྱེ་བྲག་གི་འགུལ་སྐྱོད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་ཐད་ལུགས་མཐུན་མིན་པའི་ཚོད་འཛིན་གྱི་བྱེད་ཐབས་གང་རུང་སྤྱོད་པར་སྔོན་འགོག་བྱེད་རྒྱུ་རེད། རྒྱུ་མཚན་ནི་བྱེད་ཐབས་དེ་དག་གིས་རྒྱལ་སྤྱིའི་ཚོང་རའི་འབྲུ་རིགས་ཀྱི་རིན་གོང་ལ་ཚད་བརྒལ་འཕེལ་འགྲིབ་འབྱུང་དུ་འཇུག་སྲིད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མི་གྲངས་མང་བོའི་འབྲུ་རིགས་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་པ་དང་། ཁྱད་པར་དུ་འབྲུ་རིགས་བདེ་འཇགས་ཀྱི་ཁོར་ཡུག་ཡ་ང་བའི་ཉམ་ཞན་ཚོགས་པར་འཇིགས་ཉེན་འབྱུང་སྲིད་པས་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་དཔོན་རིགས་དག་གིས་གཅིག་གྱུར་སྒོས་བལྟས་ན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་གནས་ཚུལ་འོག་ཏུ་སྤྱད་པའི་བྲེལ་མྱུར་བྱེད་ཐབས་ལ་ངེས་པར་དུ་དམིགས་སའི་རང་བཞིན་དང་འོས་འཚམ་རང་བཞིན། མངོན་གསལ་རང་བཞིན། གནས་སྐབས་རང་བཞིན་བཅས་ལྡན་དགོས་ལ། དགོས་མེད་ཀྱི་ཉོ་ཚོང་བཀག་རྒྱ་དང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་འདོན་མུ་འབྲེལ་ལ་གཏོར་བརླག་བྱེད་པའི་སྣང་ཚུལ་བཟོ་མི་རུང་བ་དང་། ཞོར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་དགོས་པར་འདོད། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་མཁན་དག་གིས་སྒེར་གཉེར་སྡེ་ཁག་གིས་འབྲུ་རིགས་མ་ལག་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་པར་ངོས་ཟིན་བྱུང་ཡོད། སྤྱི་བའི་སྡེ་ཁག་དང་སྒེར་གཉེར་སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་སོ་སོས་མྱུར་དུ་བྱེད་ཐབས་གསར་གཏོད་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཞིང་ལས་ཐད་ཐེབས་པའི་གནོད་པ་ཐག་གཅོད་བྱེད་པར་རོགས་རམ་དང་སྐུལ་སློང་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།