ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་སྨྱུང་གནས་ཟླ་བའི་སྐབས་སུ་མུ་མཐུད་དུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཅོར་ཏན་གྱིས་སྨྱུང་གནས་ཟླ་བའི་སྐབས་སུ་མུ་མཐུད་དུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཅོར་ཏན་གསར་འགྱུར་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་དང་ཞོར་དུ་སྲིད་གཞུང་གི་མགྲིན་ཚབ་པའི་འགན་ཁུར་མཁན་ཨ་ཏཱ་ལའེ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། མང་ཚོགས་མཉམ་དུ་འདུས་པ་ལས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། ཅོར་ཏན་གྱིས་སྨྱུང་གནས་ཟླ་བའི་སྐབས་སུ་མུ་མཐུད་དུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཅོར་ཏན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཅོར་ཏན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བཞི་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། དེའི་ནང་ནད་པ་ཉིས་བརྒྱ་དང་གོ་བདུན་དྲག་སྐྱེད་བྱུང་ཡོད་ལ། ནད་པ་བདུན་རྐྱེན་ལམ་དུ་ཤོར། ཅོར་ཏན་དུ་བསྟུད་མར་ཉིན་གཉིས་རིང་ས་གནས་རང་གི་ནད་པ་ཇེ་མང་དུ་སོང་མེད་ལ། ཉིན་དེར་གསར་དུ་བྱུང་བའི་ནད་པ་གསུམ་ནི་ཕྱི་ཡུལ་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་རེད་ཟེར། 

སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་སྨྱུང་གནས་ཟླ་བའི་འཚོ་བའི་དགོས་མཁོ་བསྐང་ཆེད། ཅོར་ཏན་གྱིས་ཚེས་ཉེར་གཅིག་ཉིན་ནས་བཟུང་གློག་ཆས་ཐོན་རྫས་དང་གྱོན་ཆས། ཁྱིམ་ཆས་སོགས་ལས་རིགས་སྐོར་ཞིག་གི་ཐོན་སྐྱེད་ལས་གཉེར་སླར་གསོ་བྱེད་པར་ཆོག་མཆན་བཀོད་པ་དང་། ཞོར་དུ་རིམས་ནད་བྱུང་མེད་པའི་ལྷོ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་གི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་བཏང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།