ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པས་ད་ཡོད་ཀྱི་དཔང་རྟགས་ལྟར་ན་པྲོག་གསར་གློ་ཚད་ཀྱི་ནད་དུག་ནི་སྲོག་ཆགས་ལས་བྱུང་བར་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།     ཚེས21ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པས་མིག་སྔར་སྨྱན་སྦྱོར་དང་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སྟེང་ནད་དུག་གི་འབྱུང་ཁུངས་སྐོར་ནས་ཁུངས་མེད་གཏམ་འཆལ་དང་ལྐོག་གཤོམ་སྨྲ་བ་ཁག་གཅིག་ཁྱབ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ཡོད་ཀྱི་དཔང་རྟགས་ལྟར་ན་པྲོག་གསར་གློ་ཚད་ཀྱི་ནད་དུག་དེ་སྲོག་ཆགས་ཐོག་ནས་བྱུང་བ་ལས་ཚོད་ལྟ་ཁང་ནས་བཟོས་པ་ཞིག་མིན་པར་ངོས་འཛིན་བྱེད་བཞིན་ཡོད་ཟེར།

 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧྥ་ཏེ་ལ·ཧྲ་དབྱི་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁྲུའུ་ཡི་གསར་འགོད་པའི་རྒྱུན་རྣམ་ཚོགས་འདུའི་ཐོག་བཤད་རྒྱུར། ངེད་རྩ་འཛུགས་ཀྱིས་མིག་སྔར“དར་ཁྱབ་ཆེ”ཞིང་རྩོད་གཞི་རུ་གྱུར་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་དང“ཆ་འཕྲིན་རྫུས་མ་དར་ཁྱབ་ཆེན་པོ”བྱུང་བ་གཉིས་ལ་འཐབ་རྩོད་བྱེད་བཞིན་ཡོད། ཉེ་དུས་སྨྱན་སྦྱོར་དང་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སྟེང་པྲོག་གསར་གློ་ཚད་ཀྱི་ནད་དུག་གི་འབྱུང་ཁུངས་ཐད་ཁུངས་མེད་གཏམ་འཆལ་མང་པོ་ཁྱབ་བཞིན་པར་དམིགས་ཏེ། ཁོང་གིས་ད་ཡོད་ཀྱི་དཔང་རྟགས་ཚང་མ་ལས་མངོན་པ་ལྟར་ན། པྲོག་གསར་ནད་དུག་ནི་སྲོག་ཆགས་ཐོག་ནས་བྱུང་བ་ལས་ཚོད་ལྟ་ཁང་ནས་མིའི་ཐབས་ལ་བརྟེན་ནས་ཐེ་ཇུས་བྱས་པའམ་ཡང་ན་བཟོས་པ་ཞིག་མིན་ཚུལ་བསྟན།

 ཁོང་གིས་མིག་སྔར་ཕ་ཝང་ནི་ནད་དུག་འདི་རིགས་རང་བྱུང་ཁམས་སུ་ཉར་ཚགས་བྱས་པའི་བདག་པོ་ཡིན་ཤས་ཆེ་ལ་པྲོག་གསར་ནད་དུག་དེ་ཇི་ལྟར་ཕ་ཝང་ནས་མིའི་རིགས་ལ་འགོས་པ་མིག་སྔར་ད་དུང་གསལ་བོ་མི་ཤེས་པ་རེད། དེ་ཡང་བརྒྱུད་རྫས་ཤིག་ཡོད་པ་ཁོ་ཐག་རེད་ལ་ཡང་བཤད་སྲོལ་ཞིག་ལ་སྲོག་ཆགས་གཞན་ཞིག་གིས་ནད་དུག་འདི་ཕ་ཝང་ནས་མིའི་རིགས་ལ་བརྒྱུད་སྤྲོད་བྱས་པར་བཤད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་ཚན་རིག་ཞིབ་འཇུག་པས་ཧུར་ཐག་སྒོས་ནད་དུག་གི་འབྱུང་ཁུངས་འཚོལ་བར་དགའ་བསུ་ཞུ་བཞིན་ཡོད། མིག་སྔར་ཚོགས་པ་མང་པོ་ཞིག་གིས་ཧུར་ཐག་སྒོས་ཞིབ་འཇུག་བྱེད་པའི་སྒང་ཡིན་ལ་དེའི་ནང་ཀྲུང་གོ་ནས་ཡོང་བའི་ཚོགས་པའང་ཚུད་ཡོད།

 ཧྥ་ཏི་ལཱ་·ཧྲ་དབྱི་ཕུའུ་ཡིས་དེང་སྐབས་ཕྱོགས་སོ་སོའི་ཐུན་མོང་གི་དམིགས་ས་ནི་དོན་དངོས་ཡིན་པ་ལས་འཇིགས་སྣང་མིན།  པྲོག་གསར་ནད་དུག་གི་འབྱུང་ཁུངས་བཙལ་རྒྱུ་ནི་ཆེས་གནད་འགག་གི་བྱ་བ་ཞིག་ཡིན་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚན་རིག་ལ་གཞི་བཅོལ་ཏེ་ཆེད་ལས་མཁས་པ་མང་པོ་ཞིག་འདིའི་ཐད་ཀྱི་བརྟག་དཔྱད་ལས་དོན་ནང་ཞུགས་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།