ཝང་དབྱི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་ཡིན་པའི་བཞེད་དགོངས་བཏོན།

ཟླ4ཚེས18ཉིན་རྒྱལ་སྲིད་ཨུ་ཡོན་ནམ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཐན་ཏེ་སའེ་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བསྟན་དོན། དེ་རིང་ངས་ཁྱེད་ལ་ཁ་པར་རྒྱག་དོན་ནི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན། དྲང་བདེན་ནི་མི་སོ་སོའི་སེམས་ཁོང་ན་གནས་ཡོད་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྱང་དེ་དང་འདྲ་བའི་རྣམ་འགྱུར་འཛིན་བཞིན་ཡོད། མིག་སྔའི་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ཀྱི་འགག་རྩའི་དུས་སུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་དང་སྤྱི་ཁྱབ་འགན་འཛིན་ལ་རྒྱབ་སྐྱོར་བྱེད་པ་ནི། ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་དང་རྩ་དོན་སྲུང་སྐྱོབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་ནུས་པར་སྲུང་སྐྱོབ་བྱེད་པ་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་ནད་འགོག་བཅོས་ཀྱི་མདུན་དུ་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་ཞིག་ཀྱང་ཡིན། སྤྱི་ཁྱབ་འགན་འཛིན་གྱིས་འདེམས་ཤོག་མཐོན་པོར་བདམས་ཐོན་བྱུང་བར་བརྟེན་ནས་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཚད་མཐོའི་ཡིད་ཆེས་ཐོབ་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོ་ནས་ཡོང་བའི་སྤྱི་ཁྱབ་ལས་འཛིན་ཐོག་མ་ཡིན་པའི་ཁྱེད་ཀྱིས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཕེལ་རྒྱས་ཀྱང་མཚོན་ཡོད། སྤྱི་ཁྱབ་འགན་འཛིན་གྱིས་འགན་བཞེས་ཚུན་ལ། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ཧུར་ཐག་འབད་འཐབ་བྱས་ནས། གསར་གཏོད་རང་བཞིན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཏེ་ཕྱོགས་ཁག་གི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་ཟེར།

ཝང་དབྱི་ཡིས་བསྟན་དོན། རིམས་ནད་ལ་འགོག་རྒོལ་བྱེད་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་འདོན་འོས་པའི་ནུས་པ་གལ་ཆེན་འདོན་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་དམའ་འབེབས་བྱས་པ་ལ་དོན་དངོས་ཀྱི་གཞི་འཛིན་ས་མེད་པ་དང་། བཙན་གནོན་དང་འཇིགས་སྐུལ་གྱིས་མིའི་བློ་ལ་སྔར་ལས་མི་འབབ་པ་བྱས་ཡོད་པས། བྱེད་ཕྱོགས་དེ་ལ་རྒྱལ་ཁབ་གང་ཞིག་གིས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད། རིམས་ནད་བྱུང་བའི་སྐབས་འདིར།རྒྱལ་ཁབ་ཁག་གི་མི་དམངས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དགོས་པ་དང་། སྲོག་སྐྱོབ་དང་ནད་དུག་གཙང་སེལ་བྱེད་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དགོས། སྤྱི་ཁྱབ་འགན་འཛིན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྣེ་ཁྲིད་དེ་ལས་རིགས་ཀྱི་སྤྱོད་ལམ་དང་ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གནས་བབ་དང་ནུས་པར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་ཐོག་ཐབས་ལམ་སྣ་ཚོགས་བརྒྱུད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཟེར།

ཐན་ཏེ་སའེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པའི་བཞེད་དགོངས་ལ་ང་རང་ངོས་ནས་མོས་མཐུན་མཐའ་གཅིག་ཏུ་ཡོད། མིག་སྔར་གོ་ལ་ཧྲིལ་པོར་ནད་དུག་མཆེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། རིམས་ནད་ལ་རྒྱལ་མཚམས་ཀྱི་དབྱེ་བ་མི་འབྱེད་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱས་པ་ཡིན་ན། མིའི་རིགས་ད་གཟོད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཁ་བྲལ་དུ་སོང་ན། རིམས་ནད་སྐབས་བསྟུན་གཡོ་འཛུལ་དང་མགྱོགས་མྱུར་ཁྱབ་སྤེལ། རིམས་ནད་རྒྱུན་མཐུད་དུ་གནས་པའི་དུས་ཡུན་སྔར་ལས་རིང་བར་མ་ཟད། ཚེ་སྲོག་སྔར་ལས་མང་པོ་ཤོར་སྲིད་ཟེར། །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།