ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནད་པ་ས་ཡ་གཅིག་དང་འབུམ་དགུ་ཁྲི་དགུ་སུམ་བརྒྱ་བརྒྱད་ཅུ་ལ་བུད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དགུ་ཁྲི་དགུ་སུམ་བརྒྱ་བརྒྱད་ཅུ་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་བར་དུ། ཀྲུང་གོ་ལས་གཞན་པའི་རྒྱལ་ཁབ་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་གྲངས་ཀ་ཉིན་སྔོན་མ་བསྡུར་ན་ཁྲི་བརྒྱད་དང་སྟོང་གཉིས་དྲུག་བརྒྱ་བཅོ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་དགུ་ཁྲི་དགུ་སུམ་བརྒྱ་བརྒྱུད་ཅུ་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་སྟོང་བདུན་དང་ཉིས་བརྒྱ་གསུམ་གྱིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་བདུན་བརྒྱ་སོ་དྲུག་ལ་སླེབས་ཡོད་ཟེར།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ཁྲི་བརྒྱད་དང་སྟོང་གཉིས་དགུ་བརྒྱ་རེ་དྲུག་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གཉིས་དང་ཁྲི་བདུན་སྟོང་བཞི་ལྔ་བརྒྱ་ཉེར་དགུ་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་ཉིན་སྔོན་མ་བསྡུར་ནས་སྟོང་བརྒྱད་དང་བཞི་བརྒྱ་གོ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་སུམ་བརྒྱ་དོན་བརྒྱད་ལ་སླེབས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།