ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་གྱི་འབྲེལ་ལམ་ནས་དམག་དཔུང་ཚོད་འཛིན་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བན་དེ་སྐྱབས།   སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས་བཅུ་བདུན་ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་དང་ཁ་པར་ནང་ནས་དམག་དོན་ཚོད་འཛིན་དང་དེ་བཞིན་རིམས་ནད་གསར་པར་འགོག་རྒོལ་མཉམ་སྒྲུབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་དེ་ཉིན་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། ལ་ཕུའུ་ལུའོ་ཕུའུ་དང་ཕེང་ཕེ་ཨའོ་ཡིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རིམས་ནད་འགོག་པ་དང་། གོ་ལ་ཧྲིལ་པོའི་རྡོ་སྣུམ་ཁྲོམ་རའི་དུས་བབ་དང་དེ་བཞིན་འཐབ་ཇུས་བརྟན་ལྷིང་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཨ་མེ་རི་ཁའི་དམག་དོན་ཚོད་འཛིན་ཐད་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་ཐག་བཅད།  ལ་ཕུའུ་ལུའོ་ཕུའུ་ཡིས་དམག་དོན་ཚོད་འཛིན་གྱི་གནད་དོན་གྱིས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མཐའ་དག་ལ་བསམ་གཞིག་བྱེད་དགོས་ཟེར།

སྤྱི་བསྒྲགས་ནང་། ལ་ཕུའུ་ལུའོ་ཕུའུ་ཡིས་དུས་བཀག་དུས་ཚོད་སྔར་ལས་ཇེ་རིང་དུ་གཏོང་རྒྱུའི《འཐབ་ཇུས་མཚོན་ཆ་གསར་པ་ཉུང་དུ་གཏོང་རྒྱུའི་སྐོར་གྱི་ཨུ་རུ་སུའི་ཕྱོགས་ཀྱི་གྲོས་འགོ》བསྐྱར་བསྒྲགས་བྱས་ནས། ཨུ་རུ་སུ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ལྷན་དུ་ཉིང་རྡུལ་མཚོན་ཆ་ཚོད་འཛིན་གྱི་ཆིངས་ཡིག་གསར་པ་བཟོ་རྒྱུའི་གྲོས་བསྡུར་བྱ་རྩིས་ཡོད་མོད། འོན་ཀྱང་ཆིངས་ཡིག་གསར་པ་བཟོ་བའི་རིང་ལ《འཐབ་ཇུས་མཚོན་ཆ་གསར་པ་ཉུང་དུ་གཏོང་རྒྱུའི་ཆིངས་ཡིག་གསར་པ》རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད།

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་ཁང་གིས་ཚེས17ཉིན་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ཕུང་ཕེ་ཨའོ་དང་ལ་ཕུའུ་ལུའོ་ཕུའུ་ཡིས་དེ་ཉིན་ཁ་པར་བརྒྱབ་ནས་ཨ་རི་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་འཐབ་ཇུས་བདེ་འཇགས་ཀྱི་གོ་རིམ་རྗེས་མར་གྲོས་བསྡུར་བྱས་པ་དང་། རིམས་ནད་ཀྱི་རིམ་པ་གསར་པ་དེའི་གྲོས་རིམ་ནང་འཇུག་རྒྱུའི་བསམ་གཞིག་བྱས་པ་རེད་ཟེར།

ཨུ་རུ་སུ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས2010ལོར་མིང་རྟགས་བཀོད་པའི《འཐབ་ཇུས་གོ་མཚོན་གསར་པ་ཉུང་གཏོང་གི་ཆིངས་ཡིག》དེ་2021ལོའི་ལོ་འགོར་དུས་བཀག་ལོན་རྒྱུ་ཡིན་པ་དང་། ཆིངས་ཡིག་དེའི་དམིགས་ཡུལ་ནི་ཨུ་རུ་སུ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་བཀོད་སྒྲིག་བྱས་པའི་ཉིང་རྡུལ་མཚོན་ཆའི་མགོ་དང་སྐྱེལ་འདྲེན་ཡོ་བྱད་ཀྱི་གྲངས་འབོར་ཚོད་འཛིན་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།