ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་རུ་རིམས་ནད་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉེ་བའི་དུས་སྐབས་སུ་ཨ་ཧྥེ་རི་ཁ་རུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བསྟན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་རིམས་འགོག་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པའི་རེ་འབོད་བཏོན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། འདས་པའི་གཟའ་འཁོར་གཅིག་གི་ནང་ཨ་ཧྥེ་རི་ཁས་ཡར་ཞུ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་བརྒྱ་ཆའི་ང་གཅིག་འཕར་སྣོན་བྱུང་བ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་ཆའི་དྲུག་ཅུ་འཕར་སྣོན་བྱུང་།  ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོ་རུ་རིམས་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཆ་རྐྱེན་ཞན་པའི་དབང་གིས་དོན་དངོས་སུ་ངོས་འཛིན་བྱས་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་དེ་ཡར་ཞུ་བྱས་པའི་གྲངས་ཀ་ལས་ད་དུང་མཐོ་བ་རེད།

ཐན་ཏི་སེ་ཡིས་བཤད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱས་འོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཤོས་སུ་མིག་སྔར་རིམས་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ནུས་པ་ལྡན་ནའང་ཞིབ་བཤེར་ཚད་ལེན་གྱི་སྒྲིག་ཆས་ད་དུང་ཧ་ཅང་དཀོན་པས།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་ལས་གྲོགས་པོ་དང་མཉམ་དུ་དེ་ཕྱོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།