ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

    སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས16ཉིན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་སྐབས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་པྲོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་དགོས་པའི་རེ་འབོད་བཏོན་པར་མ་ཟད་འཇར་མན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

འཇར་མན་སྲིད་གཞུང་གིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རྗེས་སུ་གསལ་སྒྲོག་སྤེལ་ཏེ་བཤད་དོན། མའོ་ཁི་ཨར་གྱི་ཚོགས་ཐོག་ཏུ་འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ལ་ནུས་ཤུགས་གང་ཡོད་འདོན་པ་དང་མཐུན་སྦྱོར་ཁ་གཏད་བྱེད་ཐབས་སྤྱད་ན། ད་གཟོད་དེང་སྐབས་ཉེན་ཁ་ལས་རྣམ་པར་རྒྱལ་ཐུབ་ཅེས་བསྟན་ཟེར།

གསལ་སྒྲོག་ལས་བཤད་དོན། མའོ་ཁི་ཨར་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། འཇར་མན་གྱིས་ད་དུང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་ལ་ཁ་གཏད་འཇལ་བར་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་མཉམ་ལས་ལས་གཞི་གཞན་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། དེའི་ནང་དུ་འགོས་ནད་འགོག་སྲུང་གསར་སྐྲུན་མནའ་འབྲེལ་དང་འཛམ་གླིང་ཡོངས་རིམས་ནད་འགོག་ཁབ་མནའ་འབྲེལ་སོགས་འདུས་ཡོད།

དེ་ལས་གཞན། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་བཙུགས་པའི་ཕྱོགས་མང་རིང་ལུགས་མནའ་འབྲེལ་གྱིས་ཚེས་བཅུ་དྲུག་ཉིན་པྲོག་གསར་གློ་ཚད་རིམས་ནད་ཐད་ནས་ཕྱི་འབྲེལ་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། འཇར་མན་དང་ཧྥ་རན་སི། དབྱི་ཐ་ལི། སི་ཕན། ཁ་ན་ཏ་སོགས་རྒྱལ་ཁབ་ཉེར་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་གྲོས་ཚོགས་རྗེས་སུ་གསལ་སྒྲོག་སྤེལ་ཏེ་བཤད་དོན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་སྒོས་རིམས་ནད་འགོག་རྒོལ་ཐད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།