ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་དཔོན་པོ་གཉིས་ཀྱིས་བརྙན་རིས་གྲོས་ཚོགས་བསྡུས་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ཀྱིས་གནས་སྐབས་སུ་བུ་ལོན་འཇལ་མཚམས་འཇོག་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་དཔོན་པོ་གཉིས་ཀྱིས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ནས། འཛམ་གླིང་སྟེང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ཀྱིས་གནས་སྐབས་སུ་བུ་ལོན་འཇལ་མཚམས་འཇོག་པར་འཐད་པ་བྱུང་།

ཉིན་དེའི་གྲོས་ཚོགས་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཐི་ཨ་རབ་ཀྱིས་འགོ་མཛིན་བྱས་པ་དང་། གྲོས་ཚོགས་སྟེང་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་འཕྲོད་བསྟེན་དང་སྨན་བཅོས་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུའི་ཁས་བླངས་པར་མ་ཟད། འཛམ་གླིང་སྟེང་གི་ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ཀྱིས་ད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་ད་ལོའི་ལོ་མཇུག་བར་དུ་བུ་ལན་འཇལ་མཚམས་འཇོག་པར་འཐད་པ་བྱུང་།

སྤྱི་སྒྲོག་ནང་བཤད་རྒྱུར། བུ་ལོན་འཇལ་མཚམས་འཇོག་པའི་རེ་བ་བཏོན་པའི་ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དུས་བཀག་ལྟར་གནས་སྐབས་སུ་བུ་ལོན་འཇལ་མཚམས་འཇོག་རྒྱུ་ཡིན་པར་རྒྱབ་སྐྱོར་བྱེད་པ་དང་འཐད་པ་བྱུང་ཟེར། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ནོར་སྲིད་དཔལ་འབྱོར་དཔོན་པོས་ད་དུང་མི་སྒེར་གྱི་བུན་བདག་ཚོ་ཡང་གྲོས་གཞི་དེའི་ནང་ཞུགས་རྒྱུའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མིག་སྔར་གྱི་དོན་དག་གལ་ཆེན་ནི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་དང་། རིམས་ནད་ཀྱིས་བདེ་ཐང་དང་སྤྱི་ཚོགས་དཔལ་འབྱོར་ལ་ཐེབས་པའི་གནོད་པར་ཁ་གཏད་འཇལ་རྒྱུ་དེ་ཡིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་། རིམས་ནད་ལ་ཚོད་འཛིན་བྱེད་པ། མི་དམངས་ཀྱི་ལས་ཞུགས་དང་ཡོང་སྒོ་ལ་འགན་སྲུང་བྱེད་པ་མ་ཟད། བཀོལ་ཆོག་པའི་སྲིད་ཇུས་དང་ཡོ་བྱད་ཡོད་ཚད་སྤྱད་དེ་འཛམ་གླིང་གི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་། ཡིད་ཆེས་ཇེ་ཆེར་གཏོང་བ། དངུལ་རྩའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་ཐད་ཡུན་རིང་གི་གནོད་པ་བཟོ་བར་བཀག་འགོག་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།