ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་སྨན་བཅོས་མི་སྣ་ཁྲི་གཉིས་དང་སྟོང་གཉིས་ལ་པྲོག་གསར་རིམས་ནད་འགོས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བན་དེ་སྐྱབས།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་བསྒྲགས་པ་ལས་ཤེས་གསལ་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་བརྒྱད་ཉིན་བར། རྒྱལ་ཁབ་དང་ས་ཁུལ་ང་གཉིས་ཀྱིས་པྲོག་གསར་རིམས་ནད་འགོས་པའི་སྨན་བཅོས་མི་སྣ་ཁྲི་གཉིས་དང་སྟོང་གཉིས་ལྷག་ཡོད་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྙན་ཞུ་ཕུལ་འདུག

སྙན་ཞུའི་ནང་བསྟན་དོན། སྨན་བཅོས་མི་སྣར་འགོས་ནད་བྱུང་ཚུལ་སྙན་ཞུར་འབུལ་བདེ་བའི་མ་ལག་རང་བཞིན་གྱི་ལམ་སྲོལ་ལེགས་པོ་ཞིག་མེད་པའི་དབང་གིས། འབྲེལ་ཡོད་གནས་ཚུལ་འབྱོར་བ་དེ་ཙམ་མང་པོ་མེད་ནའང་། འཛམ་གླིང་ཧྲིལ་བོའི་སྨན་བཅོས་མི་སྣར་འགོས་ནད་བྱུང་ཚུལ་དངོས་ནི་དེ་ལས་ཀྱང་ཚབས་ཆེན་ཡིན་སྲིད་ཟེར།

སྙན་ཞུའི་ནང་བཤད་རྒྱུར། སྨན་བཅོས་མི་སྣའི་རིམས་ནད་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཞིབ་འཇུག་རགས་ཙམ་བྱས་པའི་འབྲས་བུ་ལས་མངོན་པར་གཞིགས་ན། སྨན་བཅོས་བྱ་ཡུལ་དང་གཞིས་ཁུལ་དུ་སྨན་བཅོས་མི་སྣར་རིམས་ནད་འགོས་ཀྱིན་ཡོད་ཅིང་། དེ་ལས་ཀྱང་ཚབས་ཆེ་བ་ནི་སྨན་བཅོས་མི་སྣ་རང་གི་ཁྱིམ་མིས་སྨན་བཅོས་མི་སྣར་རིམས་ནད་བསྒོ་བཞིན་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། སྨན་བཅོས་མི་སྣས་ནད་ཐོག་སྨན་བཅོས་ལས་དོན་ཁྲོད་མི་སྒེར་གྱི་འགོག་སྲུང་མཁོ་ཆས་བེད་སྤྱོད་ཡང་དག་གཏོང་དགོས། རྩ་འཛུགས་དེས་ད་དུང་འབྲེལ་ཡོད་བྱེད་ཐབས་སྤྱད་དེ་སྨན་བཅོས་མི་སྣའི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱས་ནས། ཁོང་ཚོའི་ངལ་དུབ་ཀྱི་ཚད་དང་དམག་འཐབ་ཀྱི་ཉེན་ཁ་ཆུང་དུ་གཏོང་བ་དང་འབྲེལ་ཏེ། ཁོང་ཚོར་ལས་ཀའི་ཆ་རྐྱེན་ཡག་པོ་ཡོད་པའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།