ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་བདུན་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་བཅུ་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་བདུན་ལས་བརྒལ་ནས་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཅིག་སྟོང་ལྔ་བརྒྱ་དང་ཞེ་གསུམ་དུ་སླེབས་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་ཅུང་མང་བའི་རྒྱལ་ཁབ་ནི་ཨ་མེ་རི་ཁ་དང་སི་ཕན། དབྱི་ཐཱ་ལེ། ཧྥ་རན་སི། འཇར་མན་བཅས་ཡིན། དེ་ལས་གཞན་འཛམ་གླིང་ཡོངས་སུ་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་དོན་བཞིར་སླེབས་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གསུམ་དང་ཁྲི་བརྒྱད་སྟོང་དགུ་སུམ་བརྒྱ་དོན་བཞི་དྲག་སྐྱེད་བྱུང་ཡོད་པ་རེད། 

གཞི་གྲངས་འདི་དག་ནི་ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།