ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ལོགས་བཀར་གཏན་ཁེལ་དང་འགལ་བའི་མི་སྣར་གློག་རྡུལ་ལག་གདུབ་བསྐོན་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་གོའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ལོགས་བཀར་གཏན་ཁེལ་དང་འགལ་བའི་མི་སྣར་གློག་རྡུལ་ལག་གདུབ་བསྐོན་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བརྒྱུད་མཆེད་བྱེད་པར་བཀག་འགོག་རྒྱུ་ཡིན་ཟེར།

ཧན་གོའི་རྒྱལ་སྲིད་ཙུང་ལི་ཏེང་ཧྲི་ཅུན་གྱིས་ཉིན་དེར་ཀྲུང་དབྱང་གནོད་འཚེ་བདེ་འཇགས་བྱེད་ཐབས་འདོན་པའི་གྲོས་ཚོགས་སྟེང་བཤད་རྒྱུར། བྱེད་ཐབས་དེ་སྤྱོད་དོན་ནི་ཉེ་ལམ་ལོགས་བཀར་གཏན་ཁེལ་བརྩི་སྲུང་མི་བྱེད་པའི་མི་སྣ་ཇེ་མང་དུ་སོང་བའི་རྐྱེན་ཡིན་ཟེར།

ཏེང་ཧྲི་ཅུན་གྱིས་བཤད་རྒྱུར། བསམ་གཞིགས་ཞིབ་མོ་བཏང་བ་བརྒྱུད་དེ། སྲིད་གཞུང་གིས་ལོགས་བཀར་གཏན་ཁེལ་དང་འགལ་བའི་མི་སྣར་གློག་རྡུལ་ལག་གདུབ་བསྐོན་རྒྱུའི་ཐག་བཅད་པ་དེ། དཔེར་ན་ཡར་ཞུ་མ་བྱས་པར་རང་དགར་དུ་ཕྱིར་བསྐྱོད་པ་དང་ཁ་པར་མི་ལེན་པའི་མི་ལ་ལག་གདུབ་བསྐོན་རྒྱུ་ཡིན་པ་དང་། ཐག་གཅོད་དེ་ཕྱིར་མ་བཏོན་གོང་ང་ཚོས་ཆེད་མཁས་པ་དང་སྡོད་ཁུལ་མང་པོའི་བསམ་འཆར་བསྡུ་ལེན་བྱས་པ་ཡིན་ཟེར།

གློག་རྡུལ་ལག་གདུབ་ཀྱིས་ལག་ཁྱེར་ཁ་པར་བརྒྱུད་དེ་ལག་གདུབ་གོན་མཁན་ལ་རྗེས་འདེད་བྱེད་ཐུབ་པ་དང་། ཚེས་དགུ་ཉིན་བར་དུ། ཧན་གོ་རུ་མི་ཁྲི་ལྔ་དང་སྟོང་བཞི་ལོགས་སུ་བཀར་ཡོད་པ་དང་། དེའི་ཁྲོད་མི་བརྒྱ་དང་དྲུག་ཅུ་ལོགས་བཀར་གཏན་ཁེལ་དང་འགལ་ཡོད་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།