ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཚེས་བཅུ་ཉིན་ཁ་པར་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་དང་གནད་དོན་གཞན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་ཨུ་རུ་སི་སོགས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་སུ་མ་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་ཐོག་མར་བཀོད་པའི་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་གྲོས་མཐུན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཐི་ལིང་ཕུའུ་ཡིས་ཕུའུ་ཅིན་ལ་ཁོ་དང་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་འབྲེལ་འདྲིས་བྱས་པའི་གནས་ཚུལ་སྙན་ཞུ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུའི་གྲོས་ཐག་བཅད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་ཕྱོགས་གཉིས་ཀྱིས་སྤྱད་པའི་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་བར་སྣང་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ཉིན་དེར་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རའི་གཏན་འཇགས་ལ་ཁག་ཐེག་བྱེད་པའི་བྱ་བར་གྲོས་བསྡུར་བྱས། ཁ་པར་གཏོང་སྐབས་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་ལའང་གྲོས་བསྡུར་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།