ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་འབར་མར་འབྱོར་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གོ་སྲིད་གཞུང་གིས་མངགས་གཏོང་བྱས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཚེས་8ཉིན་འབར་མའི་གྲོང་ཁྱེར་ཆེ་ཤོས་རང་ཀོང་དུ་འབྱོར་བ་དང་ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་ཕུལ་བའི་འགོག་སྲུང་སྤྱོད་ཆས་དང་། སྨན་བཅོས་སྒྲིག་ཆས། ཀྲུང་ལུགས་སྨན་སོགས་རིམས་འགོག་དངོས་ཟོག་ཁག་གཅིག་ཀྱང་གནམ་གྲུ་གཅིག་ནང་འབར་མར་འབྱོར་ཡོད།

ཉིན་དེར་འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའི་པུའུ་ཀྲང་མེན་ཐུའེ་དང་དེ་བཞིན་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་སོགས་གནམ་ཐང་དུ་རིགས་གཅིག་མཁས་ཅན་ཚོགས་ཆུང་བསུ་བར་ཕེབས་ཡོད་པ་རེད།

རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་དབྱང་ལི་ཅོན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ད་རེས་རིགས་གཅིག་མཁས་ཅན་ཚོགས་ཆུང་དེར་སྐྱོད་པའི་ལས་འགན་གཙོ་བོ་ནི་འབར་མ་ཕྱོགས་དང་ཀྲུང་གོའི་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཕྱོགས་གཉིས་པོས་སྨན་བཅོས་སྐྱོབ་བཅོས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དེ་བཞིན་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་སོགས་ཐད་སྤེལ་རེས་བྱ་རྒྱུ་དང་སྦྲགས་འབྲེལ་ཡོད་མི་སྣར་མཛུབ་ཁྲིད་དང་གསོ་སྦྱོང་ཡང་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

དེ་གོང་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་སྨན་བཅོས་དངོས་ཟོག་གཞན་རྣམས་འབར་མར་འབྱོར་བ་མ་ཟད་སྤྱོད་བཞིན་ཡོད་པ་རེད། འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་རྩ་འཛུགས་ཀྱིས་ཀྱང་བྱེད་ཐབས་སྣ་ཚོགས་སྤྱད་ནས་འབར་མའི་ལས་རིགས་ཁག་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་ཕུལ་ཡོད་པ་རེད།


རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།