ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ས་གནས་སྨྱན་བྱད་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉིན་དེར་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་སྐོར་ཁག་ཐོག་མ་མི་བརྒྱ་བཙོན་གྲོལ་བཏང་།
ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གསལ་སྒྲོག་ལས་བཤད་རྒྱུར། ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་བརྒྱ་ཚེས་བརྒྱད་ཉིན་ཨ་ཧྥུའུ་ཧན་སྲིད་གཞུང་གིས་བཙོན་གྲོལ་བཏང་བ་དང་། དེ་ལས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་སྟོང་ལྔ་བཙོན་གྲོལ་གཏོང་བའི་འཆར་གཞི་མགོ་བརྩམས་པ་མཚོན་ཡོད་ཟེར།
ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་དང་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་བཙོན་གྲོལ་བཏང་བའི་མི་སྣའི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཡོད་པ་དང་། བཙོན་གྲོལ་ཐོབ་པའི་མི་སྣས་ཀྱང་ཡང་བསྐྱར་འཐབ་འཁྲུག་ནང་མི་ཞུགས་པར་ཁག་ཐེག་བྱས་ཡོད་ཟེར།
ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་གསུམ་པའི་ཚེས་བཅུ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་སྟོང་ལྔ་བཙོན་གྲོལ་གཏོང་རྒྱུ་ཐག་བཅད་ཀྱང་། འཆར་གཞི་འདི་ཡང་ཡང་རྗེས་སུ་བསྣུར་བ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་སྐོར་ཁག་ཐོག་མ་བཙོན་གྲོལ་བཏང་།