ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་འོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བདུན་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་པའི་གྲོན་དངུལ་གནས་སྐབས་སུ་མཚམས་འཇོག་རྒྱུའི་འཇིགས་སྐུལ་བྱས། ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བརྒྱད་ཉིན་སྒྲོག་སྤེལ་ཚོགས་འདུའི་སྟེང་དྲུང་ཡིག་ཆེན་མོས་ཐི་ལིང་ཕུའུ་ལ་རྣམ་འགྱུར་ཅི་འདྲ་བཟུང་ཡོད་པར་ལན་འདེབས་པའི་སྐབས་སུ་སྨྱན་བྱད་ལ་ཀུའུ་ཐི་ལོས་སི་ཡི་གསལ་སྒྲོག་སྒྲོག་འདོན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ངེས་པར་དུ་རྒྱབ་སྐྱོར་ཐོབ་དགོས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ་དེ་འཛམ་གླིང་ཡོངས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བར་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་སྔ་ན་མེད་པ་ཞིག་དང་དེའི་ཐད་མཁོ་བའི་བརྩོན་པའང་སྔ་ན་མེད་པ་ཞིག་ཡིན། གནས་ཚུལ་འདི་འདྲའི་འོག་ཏུ། ལས་ཁུངས་མི་འདྲ་བ་དག་ལས་དོན་མི་འདྲ་བར་གོ་བ་ལེན་སྟངས་ཀྱང་མི་འདྲ་བ་ཡོད། དེ་ལས་ཐོབ་པའི་བསླབ་བྱ་དེ་མ་འོངས་པའི་རིགས་མཐུན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ད་ལྟ་ཕྱིར་དྲན་བྱེད་པའི་སྐབས་སུ་བབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་རིམས་ནད་འགོག་རྒོལ་བྱས་ཏེ་ནད་དུག་གི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་བྱེད་པ་ཁྲི་སྟོང་མང་བོས་རིམས་ནད་འགོག་བཅོས་ཀྱི་ཡུལ་དངོས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་བཞིན་ཡོད་པར་མ་ཟད། སྟོབས་ཤུགས་ཞན་པའི་རྒྱལ་ཁབ་དག་ལ་མཛུབ་སྟོན་དང་གསོ་སྦྱོང་། སྒྲིག་ཆས། བྱེ་བྲག་གི་སྲོག་སྐྱོབ་རོགས་སྐྱོར་བཅས་འདོན་སྤྲོད་བྱེད་བཞིན་ཡོད། ཁོས་དམིགས་སུ་བཀར་ནས་གླེང་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨེ་པའོ་ལཱ་ནད་དུག་འགོག་རྒོལ་བྱེད་སྐབས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།