ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་བཞི་བརྒྱ་ཉེར་གཉིས་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལིའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར་དུ། དབྱི་ཐཱ་ལིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་བསྡོམས་པས་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་བཞི་བརྒྱ་ཉེར་གཉིས་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་རེ་དགུ་རུ་སླེབས་ལ། ནད་པ་ཁྲི་གཉིས་དང་སྟོང་དྲུག་བཞི་བརྒྱ་གོ་གཅིག་དྲག་སྐྱེད་བྱུང་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐཱ་ལིའི་པྲོག་གསར་ནད་དུག་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་ལྔ་བརྒྱ་དང་ཞེ་གཉིས་ཀྱིས་ཇེ་མང་དུ་སོང་བ་དང་། གཏན་ཁེལ་བྱས་པའི་ནད་པ་དང་དྲག་སྐྱེད་བྱུང་བའི་ནད་པ་སོ་སོར་ཉིན་སྔོན་མ་དང་བསྡུར་ན་སྟོང་གསུམ་དང་བརྒྱད་བརྒྱ་སོ་དྲུག་དང་སྟོང་གཉིས་དང་གོ་དགུ་ཡིས་ཇེ་མང་དུ་སོང་ཡོད། ད་ཡོད་ཀྱི་གཏན་ཁེལ་བྱས་པའི་ནད་པའི་ཁྲོད། ནད་རྟགས་ཡང་བ་དང་ཡང་ན་ནད་རྟགས་མི་མངོན་པའི་ནད་པ་ཁྲི་དྲུག་དང་སྟོང་གསུམ་གྱ་བཞི་ཁྱིམ་དུ་ལོགས་བཀར་བྱས་ཡོད་པ་དང་། ནད་པ་ཁྲི་གཉིས་དང་སྟོང་བརྒྱད་བཞི་བརྒྱ་གྱ་ལྔས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ལ། ནད་པ་སྟོང་གསུམ་དང་དྲུག་བརྒྱ་གོ་གསུམ་ནད་ལྕི་མོའི་ལྟ་ཞིབ་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

དབྱི་ཐཱ་ལིའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་མི་སྣ་དང་པྲོག་དབྱིབས་ནད་དུག་གསར་བའི་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གི་ཆེད་མི་པའོ་ལེ་ལིས་ཀྱིས་ཉིན་དེའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་ནད་པ་བརྒྱ་ཆའི་ལྔ་བཅུ་ཉེ་དུས་ཀྱི་ཉིན་བཅུའི་ནང་བྱུང་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་དྲག་སྐྱེད་བྱུང་བའི་ནད་པའི་གྲངས་ཀས་ཟིན་ཐོ་གསར་བ་བསྐྲུན་པ་དང་། ནད་ལྕི་མོའི་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ནད་པ་གྲངས་ཀ་ཡང་རྒྱུན་མཐུད་ངང་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།