ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་བྷང་ག་ལའི་གསོ་རིག་འཕྲོད་བསྟེན་ཆེད་མཁས་པས་ཐེངས་དང་པོར་བརྙན་ལམ་བརྒྱུད་དེ་རིམས་ནད་སྔོན་འགོག་གི་ཉམས་མྱོང་བརྗེ་རེས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས8ཉིན། ཀྲུང་གོར་བཅའ་སྡོད་བྱེད་པའི་བྷང་ག་ལའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གིས་སྐུལ་འདེད་འོག  ཀྲུང་གོ་དང་བྷང་ག་ལའི་རྒྱལ་ཁབ་ཀྱི་གསོ་རིག་འཕྲོད་བསྟེན་ཆེད་མཁས་པས་ཐེངས་དང་པོར་བརྙན་ལམ་བརྒྱུད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སོགས་ཀྱི་མཉམ་མྱོང་བརྗེ་རེས་བྱས་པ་རེད།

ཀྲུང་གོར་བཅའ་སྡོད་བྱེད་པའི་བྷང་ག་ལའི་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ལི་ཅི་མིན་དང་། བྷང་ག་ལའི་རྒྱལ་ཁབ་ཀྱི་འཕྲོད་བསྟེད་དང་ཁྱིམ་ཚང་ཕན་བདེ་པུའུ་ཡི་པུའུ་ཀྲང་མཱ་ལི་ཁེ་དང་། ཧྲང་ཧའེ་སྨན་བཅོས་རོགས་སྐྱོབ་ཆེད་མཁས་པའི་ཚན་ཆུང་གི་ཚན་གཙོའམ་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཞོར་གཏོགས་ཧྭ་ཧྲན་སྨན་ཁང་གི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཝུན་ཧུང་གི་ཚོགས་པ་དང་། བྷང་ག་ལའི་ཕྱོགས་ཀྱི་སྨན་བཅོས་རིམས་འགོག་སྒྲིག་གཞིའི་འགན་འཁུར་བ་བཅས་དྲ་ཐོག་བརྙན་ལམ་བརྒྱུད་དེ་ཚོགས་འདུར་ཞུགས་ཡོད་པ་རེད།

བརྙན་ལམ་ཚོགས་འདུའི་སྟེང་བསྟན་དོན། ཀྲང་ཝུན་ཧུང་གིས་བྷང་ག་ལའི་ཕྱོགས་ལ་ཀྲུང་གོའི་རིམས་ནད་འགོག་བཅོས་ཁྲོད་སྤྱད་པའི་ལས་ཀ་དང་ཉམས་མྱོང་གི་སྐོར་ནས་ངོ་སྤྲོད་བྱས་ཏེ། བྷང་ག་ལའི་ཕྱོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གྲོས་གཞི་བཏོན་པ་རེད།

ཀྲུང་གོ་རུ་བཅའ་སྡོད་བྱས་པའི་གཞུང་ཚབ་པ་ལི་ཅི་མིན་གྱིས་བཤད་རྒྱུར་། རིམས་ནད་བྱུང་བའི་དུས་འགོར། བྷང་ག་ལས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་མྱོང་། བྷང་ག་ལའི་རྒྱལ་ཁབ་ལ་རིམས་ནད་བྱུང་རྗེས། ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བྷང་ག་ལའི་ཕྱོགས་ལ་རོགས་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བྷང་ག་ལའི་རིམས་འགོག་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་རེ་ཡོད་ཅེས་གསུངས།

མཱ་ལི་ཁེ་ཡིས་ཉེ་ཆར་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ལ་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རིམས་འགོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་དེ། མཉམ་ལས་བྱས་པ་བརྒྱུད་ཀྲུང་གོ་དང་བྷང་ག་ལའི་བར་གྱི་མཛའ་གྲོགས་འབྲེལ་བ་སྔར་ལས་ཇེ་བརྟན་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།