ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་ཁྲི་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་བདུན་ཉིན་བཤད་རྒྱུར། ཧྥ་རན་སི་ནས་རིམ་རྩིས་ཀྱིས་ནད་པ་ཁྲི་གཅིག་དང་སུམ་བརྒྱ་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་བཞི་བརྒྱ་བཅུ་བདུན་ཇེ་མང་དུ་སོང་ཡོད་ཟེར། 

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁྲོད་ནད་པ་སྟོང་གསུམ་དང་ཉིས་བརྒྱ་སོ་བདུན་ནི་རང་བདག་ནུས་པ་ཉམས་པའི་རྒན་གསོ་ཁང་གི་རྒན་པ་ཡིན་ལ། འདས་པོ་བརྒྱ་ཆའི་གྱ་གཉིས་ཀྱི་ལོ་ཚད་ལོ་བདུན་ཅུ་ལས་བརྒལ་ཡོད་ཟེར། 

ཁོས་བཤད་རྒྱུར། མིག་སྔར་ནད་པ་ཁྲི་གསུམ་ལྷག་གིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་ནད་པ་སྟོང་བདུན་དང་བརྒྱ་དང་སོ་གཅིག་གིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཧྥ་རན་སིའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། སྨན་ཁང་གིས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བདུན་དང་སྟོང་བརྒྱ་བརྒྱ་དང་རེ་བདུན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་སྟོང་གསུམ་དང་བདུན་བརྒྱ་དོན་བདུན་ཇེ་མང་དུ་སོང་ཡོད་ཟེར། 

གཞན་ཡང་ཕཱ་རེ་སིའི་ཧྲི་ཀྲང་དང་ཕཱ་རེ་སིའི་ཉེན་རྟོག་ཅུའུ་ཡིས་ཚེས་བདུན་ཉིན་མཉམ་དུ་གསལ་སྒྲོག་སྤེལ་ཏེ། ཕཱ་རེ་སི་གྲོང་ཁྱེར་གྱིས་ཚེས་བརྒྱད་ཉིན་ནས་བཟུང་མང་ཚོགས་ཀྱིས་སྔ་དྲོའི་དུས་ཚོད་བཅུ་ནས་དགོང་མོའི་དུས་ཚོད་བདུན་བར་ཕྱི་རོལ་དུ་ལུས་རྩལ་སྦྱོང་བརྡར་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།