ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་རེས་སྐོར་དང་བཀོད་སྒྲིག་གནས་སྐབས་སུ་མཚམས་འཇོག་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོ་བའི་ཉེན་ཁར་སྔོན་འགོག་བྱེད་ཆེད། ཀུའུ་ཐི་ལོས་སི་ཡིས་ཞི་བདེ་སྲུང་སྐྱོབ་མི་སྣའི་རེས་སྐོར་དང་བཀོད་སྒྲིག་བྱ་བ་དེ་ཟླ་དྲུག་པའི་ཚེས་སུམ་ཅུའི་བར་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར། 

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་སྤེལ་བའི་བརྙན་རིས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ་བཤད་རྒྱུར། ཆོད་དོན་དེར་འབྲེལ་མཁན་ལ་དམག་མི་དང་ཉེན་རྟོག་པ། དམག་དོན་སྒྲིག་འཛུགས་ལས་ཁུངས་བཅས་འདུས། 

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། ཐོག་མར་ཞི་བདེ་སྲུང་སྐྱོབ་མི་སྣར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་མེད་པར་ཁག་ཐེག་བྱས་ཏེ། ཞི་བདེ་སྲུང་སྐྱོབ་མི་སྣ་དག་འགོ་ནད་ཀྱི་འབྱུང་ཁུངས་སུ་འགྱུར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་ལ། དེའི་ཞོར་དུ་ད་རུང་འགུལ་སྐྱོད་ནུས་པར་ཁག་ཐེག་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཱ་ལིའི་གནད་དོན་གྱི་ཆེད་མངག་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པའི་ཚོགས་གཙོ་ཨན་ནཱ་ཏིས་ཧྥུའུ་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་མཱ་ལིའི་གནད་དོན་ཐད་ནས་བརྙན་རིས་གྲོས་ཚོགས་སྤེལ་ཏེ་བཤད་རྒྱུར། མིག་སྔར་མཱ་ལི་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ང་དྲུག་ཡོད་པ་དང་། དེའི་ནང་ཞི་བདེ་སྲུང་སྐྱོབ་མི་སྣ་གཉིས་འདུས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།