ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གྱིས་ནད་ལྕི་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས6ཉིན་གྱི་དགོང་མོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གྱི་ནད་ཇེ་ལྕི་རུ་སོང་ནས་ནད་ལྕི་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་བཤད་རྒྱུར། མིག་སྔར་ཡུའེ་ཧན་ཞུན་གྱི་རྣམ་རིག་གསལ་བ་དང་། ཁོ་ནད་ལྕི་མོའི་ལྟ་སྐྱོང་ཁང་དུ་སྐྱེལ་བ་ནི་སྔོན་འགོག་རང་བཞིན་གྱི་བྱེད་ཐབས་ཞིག་ཡིན་ཟེར།

མགྲིན་ཚབ་མི་སྣས་བཤད་རྒྱུར། ཡུའེ་ཧན་ཞུན་ནད་ལྕི་མོའི་ལྟ་སྐྱོང་ཁང་དུ་སྐྱེལ་བའི་སྔོན་དུ་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལ་པུའུ་ཡིས་ཁོའི་ཚབ་བྱས་ནས་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཡོད་ཟེར།

ལ་པུའུ་ཡིས་ཉིན་དེར་བཤད་རྒྱུར། དབྱིན་ཇིའི་སྲིད་གཞུང་གིས་སྔ་ན་མེད་པའི་འགུལ་སྐྱོད་སྤེལ་ནས། དམངས་ཡོངས་སྨན་བཅོས་མ་ལག་གིས་རིམས་ནད་ཕྱིར་ཟློག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་བ་མ་ཟད། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མཁའ་འགྲུལ་ཀུང་ཟི་དང་མཉམ་ལས་བྱས་ཏེ། རིམས་ནད་ཀྱི་དབང་གིས་ཕྱི་རྒྱལ་དུ་ལུས་ཡོད་པའི་དབྱིན་ཇིའི་སྤྱི་དམངས་སྔར་ལས་མང་པོ་ཕྱིར་རང་རྒྱལ་དུ་ལོག་ཐུབ་པའི་རེ་བ་བཅངས་ཡོད་ཟེར།

དབྱིན་ཇིའི་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གྲངས་ཀ་ལྟར་ན། དབྱིན་ཇི་རུ་བསྡོམས་པས་གཏན་ཁེལ་བྱས་པའི་ནད་པ་ཁྲི་ལྔ་དང་སྟོང་གཅིག་དྲུག་བརྒྱ་དང་བརྒྱད་ལ་སླེབས་པ་དང་། སྔོན་ཉིན་དང་བསྡུར་ན་ནད་པ་སྟོང་གསུམ་བརྒྱད་བརྒྱ་དང་གཉིས་ཇེ་མང་དུ་སོང་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་ལྔ་དང་སུམ་བརྒྱ་དོན་གསུམ་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།