ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་གསུམ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་ལྔ་ལས་བརྒལ་ཡོད་ཟེར། 

ཐན་ཏི་སེ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་ཧུར་ཐག་འབད་ཐག་བྱས་ཤིང་། བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོག་རྒོལ་བྱེད་དགོས། ཞིབ་བཤེར་དང་ཁ་ཁར་བྱས་ནས་གསོ་བཅོས་བྱེད་པ་དེ་ཡང་རིམས་ནད་ཀྱིས་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན་ཟེར། 

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། པེ་ཅིང་དུས་ཚོད་ཀྱི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར། ཨ་མེ་རི་ཁར་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་བདུན་སྟོང་བརྒྱད་བཞི་བརྒྱ་ང་བརྒྱད་དུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བདུན་དང་བརྒྱ་ང་དགུ་ཡིན་ཟེར། 

ཡོ་རོབ་གླིང་ནས་སི་ཕན་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། མིག་སྔར་སི་ཕན་དུ་རིམ་རྩིས་ཀྱིས་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་བཞི་བདུན་བརྒྱ་སོ་དྲུག་ཏུ་བསླེབས་ཡོད་པ་དང་། དབྱི་ཐཱ་ལེ་ལས་བརྒལ་ནས་ཡོ་རོབ་གླིང་གི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཏུ་གྱུར་ཡོད། སི་ཕན་གྱིས་མུ་མཐུད་དུ་གནས་སྐབས་སྨན་ཁང་འཛུགས་སྐྲུན་བྱེད་པར་བྲེལ་བཞིན་ཡོད། 

དབྱི་ཐཱ་ལེ་ནས་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་འབུམ་གཅིག་དང་ཁྲི་གཉིས་སུ་བསླེབ་ལ་ཉེ། དབྱི་ཐཱ་ལེའི་མཐོ་རིམ་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཚེས་གསུམ་ཉིན་བསྟན་དོན། དབྱེ་ཐཱ་ལེ་རུ་རིམས་ནད་ཀྱི་འགོ་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་ཀྱང་། མུ་མཐུད་དུ་འགོག་སྲུང་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་ལས་ལྷོད་ཡངས་སུ་གཏན་ནས་གཏོང་མི་རུང་ཟེར། 

ཧྥ་རན་སི་ནས་གཟའ་མཇུག་འདིར་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་འགྲོ་འོང་ལ་བཀག་འགོག་བྱེད་པའི་བྱེད་ཐབས་ལག་བསྟར་ནན་མོ་བྱས། 

དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བས་ཉེ་སྔོན་གྲོས་མོལ་གཅིག་གྱུར་བྱུང་བའི་ཐབས་ཀྱིས་གྲོས་ཆོད་བཀོད་དེ་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། རིམས་ནད་ལས་རྣམ་པར་རྒྱལ་དགོས་ན་ངེས་པར་དུ་མཐུན་སྦྱོར་གཅིག་གྱུར་དང་ཕྱོགས་མང་རིང་ལུགས་རྨང་གཞིར་བྱས་པའི་འཛམ་གླིང་ཡོངས་ཀྱི་ཐག་གཅོད་འགུལ་སྐྱོད་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།