ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་རིམས་ནད་དབང་གིས་སང་ལོར་རྗེས་སུ་སྣུར་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་སྲིད་གཞུང་དྲ་ཚིགས་ཀྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་གྱི་དགོང་མོར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཤུགས་རྐྱེན་དབང་གིས། ཟླ་བཅུ་གཅིག་པར་དབྱིན་ཇིའི་ཀི་ལཱ་སི་ཀི་གྲོང་ཁྱེར་ནས་སྤེལ་བར་ཐག་བཅད་ཡོད་པའི་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་སང་ལོར་རྗེས་སུ་སྣུར་ནས་སྤེལ་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རིམས་ནད་ཀྱི་ཤུགས་རྐྱེན་ལས་མིག་སྔར་བློ་སྤོབས་ཆེ་ཞིང་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ཞིག་སྤེལ་བར་དཀའ་ཁག་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག་བཀོད་པའི་ཕྱོགས་སོ་སོས་ཀྲུའུ་ཞིའི་ཚོགས་པས་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་རྗེས། ཆོད་དོན་འདི་མཉམ་དུ་བཏོན་པ་ཡིན། ཚོགས་ཆེན་སྤེལ་བའི་བྱེ་བྲག་གི་དུས་ཚོད་ནི་ཕྱོགས་སོ་སོས་གྲོས་མོལ་བྱས་རྗེས་ཐག་གཅོད་བྱེད་རྒྱུུ་ཡིན་ཟེར། 

ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་ཀྲུའུ་ཞི། དབྱིན་ཇིའི་ཚོང་དོན་དང་ནུས་ཁུངས། ཐོན་ལས་བཅས་ཀྱི་འཐབ་ཇུས་བློན་ཆེན་ཞཱ་ཨར་མཱ་ཡིས་བཤད་རྒྱུར། རིམས་ནད་ཀྱིས་འཛམ་གླིང་ཡོངས་སུ་སྔ་ན་མེད་པའི་འགྲན་རྩོད་ཅིག་བསྐྲུན་ཡོད་སྟབས། ཕྱོགས་སོ་སོས་ཚོགས་ཆེན་རྗེས་སུ་སྣུར་ནས་སྤེལ་རྒྱུ་ཐག་བཅད་པ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཨེ་སི་ཕིས་ནོའུ་སཱ་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་གལ་ཆེན་ཞིག་ཡིན་ཡང་། ང་ཚོས་ནམ་ཟླའི་འགྱུར་ལྡོག་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་ཆེས་ཆེན་པོ་དེ་ཡིན་པའང་བརྗེད་མི་རུང་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ལོ་རེར་འཛམ་གླིང་གི་ས་ཁུལ་མི་འདྲ་བར་རེས་མོས་ཀྱིས་སྤེལ་བཞིན་ཡོད། ན་ནིང་སི་ཕན་གྱི་མཱ་ཏི་ལི་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་ནས་བརྗོད་སྙིང་གཙོ་བོ་སྟེ་ཕཱ་རེ་སིའི་གྲོས་ཆོད་ཀྱི་དོན་ཚན་དྲུག་པའི་ལག་བསྟར་སྒྲིག་སྲོལ་ཐད་ནས་གྲོས་མཐུན་འགོད་ཐུབ་མེད་ལ། ཕྱོགས་སོ་སོས་ད་ལོའི་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་སྟེང་འབྲེལ་ཡོད་གནད་དོན་ལ་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུའི་ཐག་བཅད་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།