ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ནི་ཡུན་རིང་བོའི་གཡུལ་འགྱེད་ཅིག་ཡིན་པས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་ལ་ཁ་གཏད་བཟང་བོ་འཇལ་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཞི་བདེ་རྒྱ་མཚོ་ནུབ་མའི་ཁུལ་ཁོངས་ཀྱི་ཀྲུའུ་རིན་ཀི་ཞི་ཅན་གྱིས་ཚེས་སོ་གཅིག་ཉིན་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ད་དུང་མཇུག་རྫོགས་མེད་པ་དང་། དེ་ནི་ཡུན་རིང་གི་གཡུལ་འགྱེད་ཅིག་ཡིན་པས། རང་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་ཁ་གཏད་འཇལ་བའི་ཐད་ཀྱི་གྲ་སྒྲིག་བཟང་བོ་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་ཟེར།

ཀི་ཞི་ཅན་གྱིས་ཉིན་དེའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཞི་བདེ་རྒྱ་མཚོ་ནུབ་མའི་གཞུང་སྒྲུབ་ཁྲུའུ་ཡིས་གཙོ་སྒྲུབ་བྱས་པའི་བརྙན་རིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་སྔར་མེད་ཀྱི་འགོས་མཆེད་ཆེ་བའི་རིམས་ནད་ཅིག་ཡིན་པ་དང་། མིག་སྔར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་ཁ་ཤས་ཀྱིས་ནད་དུག་མཆེད་པར་བཀག་འགོག་བྱས་པ་དང་ཡང་ན་རིམས་ནད་མཆེད་ཚད་ཇེ་དལ་དུ་བཏང་། ཉེ་དུས་མི་ཚོས་ཡོ་རོབ་གླིང་ནུབ་མ་དང་མེ་གླིང་བྱང་མའི་ནད་དུག་མཆེད་ཚད་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ན་ཡང་། དོན་དངོས་ཐོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རིམས་ནད་ད་དུང་མཇུག་སྒྲིལ་མེད་ཟེར།

ཁོས་བཤད་རྒྱུར། ཐེངས་འདིའི་རིམས་ནད་ནི་ཡུན་རིང་གི་གཡུལ་འགྱེད་ཅིག་ཡིན་ལ། རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་ཀྱིན་ཡོད་ན། ཉེན་ཁ་མེད་མི་སྲིད་པས། རང་ས་ཁུལ་གྱི་རྒྱལ་ཁབ་དག་གིས་དོགས་ཟོན་ནན་མོ་བྱེད་པ་ལས་ལྷོད་གཡེང་མི་བྱེད་པར་རིམས་ནད་གཞི་ཁྱོན་ཆེ་བའི་སྒོ་ནས་སྡོད་ཁུལ་དུ་མཆེད་ངེས་པའི་གྲ་སྒྲིག་བཟང་བོ་བྱེད་དགོས་ཟེར།

ཀི་ཞི་ཅན་གྱིས། རྒྱལ་ཁབ་སོ་སོས་སྔ་མོ་ནས་རྙེད་པ་དང་ནད་པ་སྔ་མོ་ནས་ལོགས་སུ་འགར་བ། ནད་པར་སྨན་བཅོས་བྱེད་པ། མྱུར་དུ་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་པའི་མི་སྣར་རྗེས་འདེད་བྱེད་པ་དང་ལོགས་སུ་འགར་བ། འཕྲོད་བསྟེན་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་འགྲོ་འོང་གི་བར་ཐག་ཇེ་ཆེར་གཏོང་བ། ནད་དུག་མཆེད་པར་བཀག་འགོག་བྱེད་པ། སྡོད་ཁུལ་ཡོངས་རྫོགས་ཀྱིས་འགུལ་སྐྱོད་བྱས་ནས་ཉམས་ཆུང་མི་ཚོགས་ལ་སྲུང་སྐྱོབ་བྱེད་པར་སྐུལ་སློང་གཏོང་བ་བཅས་ཀྱི་བྱེད་ཐབས་སྤྱོད་རྒྱུའི་བསམ་འཆར་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།