ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་རིམས་ནད་ལས་འབྲུ་རིགས་ཉམས་ཉེན་འབྱུང་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆི་ཏུང་ཡུས་ཀྱིས་ཉེ་སྔོན་རྩོམ་ཡིག་ཅིག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། ཚད་ཆེན་མོའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱིས་འབྲུ་རིགས་མཁོ་འདོན་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་ཉམས་ཉེན་ལས་འབྲུ་རིགས་ཉམས་ཉེན་འབྱུང་བར་སྔོན་འགོག་བྱས་ཏེ། འབྲུ་རིགས་མཁོ་འདོན་མཚམས་ཆད་པ་དང་འབྲུ་རིགས་ཀྱི་རིན་གོང་ཇེ་མཐོར་འགྲོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཁ་ཡིག་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་ལྟོགས་སྡུག་རོལ་རྩེད་དུ་འགྱུར་མི་རུང་ཞེས་པའི་རྩོམ་ཡིག་དེ་ལས་བཤད་རྒྱུར། མིག་སྔའི་བར་དུ། རིམས་ནད་ལས་འབྲུ་རིགས་ཀྱི་བདེ་འཇགས་ལ་གནོད་པ་ཐེབས་མེད་པ་དང་། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མཁོ་འདོན་གྱིས་མི་རེ་རེའི་འཚོ་བར་འགན་སྲུང་བྱེད་ཐུབ་པས་ང་ཚོ་འཇིགས་དངངས་སྐྱེས་མི་དགོས་ཀྱང་། ང་ཚོས་ངེས་པར་དུ་འབྲུ་རིགས་དཀོན་པའི་ས་ཁུལ་དུ་མཁོ་འདོན་མཚམས་ཆད་པའི་གནས་ཚུལ་འབྱུང་བའི་ཉེན་ཁ་ཡོད་པའི་འགྲན་རྩོད་ལ་གདོང་གཏོད་དགོས་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། འབྲུ་རིགས་མཁོ་འདོན་གྱི་གཏན་འཇགས་མིན་པའི་རང་བཞིན་ལས་ཇུས་འདོན་མཁན་གྱིས་ཉོ་ཚོང་ཚད་བཀག་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ངེས་ཡིན། ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བརྒྱད་ལོའི་བར་གྱི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་གི་ཉམས་ཉེན་ཐག་གཅོད་བྱས་པའི་ཉམས་མྱོང་ལས་བདེན་དཔང་བྱས་པ་ལྟར་ན། བྱེད་ཐབས་དེ་རིགས་ཀྱིས་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད། ཕྱིར་གཏོང་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་འབྲུ་རིགས་མཁོ་འདོན་ཇེ་མང་དུ་བཏང་སྟེ་ཕྱིར་གཏོང་ལ་ཚོད་འཛིན་བྱས་ན། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཚོང་རར་རྙོག་འཛིང་ཆེན་པོ་བཟོས་ཏེ། རིན་གོང་ཇེ་མཐོར་འགྲོ་བའི་སྣང་ཚུལ་འབྱུང་སྲིད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བརྒྱད་ལོའི་བར། གོང་སྨྲས་བྱེད་ཐབས་དེར་གཏོར་བརླག་རང་བཞིན་ལྡན་པ་དང་། ཁྱད་པར་དུ་ཡོང་འབབ་དམའ་ཞིང་འབྲུ་རིགས་དཀོན་པའི་རྒྱལ་ཁང་དང་ཟས་རིགས་ཉོ་བསྡུ་བྱས་ཏེ་ལྟོགས་སྡུག་མྱོང་མཁན་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་རྩ་འཛུགས་ལ་ཕན་ཐོགས་མེད་པ་བདེན་དཔང་བྱས་ཡོད། ང་ཚོས་མིག་སྔའི་ཉམས་མྱོང་དང་བསླབ་བྱར་སྤྱི་བསྡོམས་བྱས་ཏེ་ཡང་བསྐྱར་ནོར་འཆུག་གི་ལམ་དུ་བགྲོད་མི་རུང་། ཇུས་འདོན་མཁན་གྱིས་ངེས་པར་དུ་འབྲུ་རིགས་མཁོ་འདོན་མཚམས་ཆད་པའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་མདུན་དུ་འགྲན་རྩོད་ཡོད་ཀྱང་། སྲིད་གཞུང་དང་ལས་རིགས་སོ་སོ། ཁེ་ཕན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྱི་མཉམ་ལས་ལྷག་ཏུ་གལ་ཆེན་ཡིན། དེ་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། འཛམ་གླིང་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།