ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འདི་ནི་དབྱི་ཐཱ་ལེའི་རོ་མཱའི་ཧྥེ་ཝུའུ་མུས་ཆི་ནོའུ་གནམ་གྲུ་ཐང་ནས་པར་བླངས་པའི་གནམ་གྲུ་ལས་ཕོགས་པའི་སྨན་བཅོས་མཁོ་དངོས་རེད། 

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་སྟོང་གཅིག་བདུན་བརྒྱ་སོ་དགུར་འཕར་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་གོ་གཅིག་རྐྱེན་ལམ་དུ་ཤོར། གཞན་ཡང་ནད་པ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་ཉི་ཤུ་དྲག་སྐྱེད་བྱུང་ཡོད་ཟེར། 

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་སྔ་ཉིན་ལས་བརྒྱད་བརྒྱ་དང་བཅུ་གཉིས་ཇེ་མང་དུ་སོང་བ་དང་། གློ་ཚད་འགོས་པའི་ནད་པ་དང་དྲག་སྐྱེད་བྱུང་བའི་ནད་པ་སོ་སོར་སྔ་ཉིན་ལས་སྟོང་བཞི་དང་ལྔ་བཅུ་དང་། སྟོང་གཅིག་དང་ལྔ་བརྒྱ་དགུ་བཅུ་ཇེ་མང་དུ་སོང་ཡོད།

ད་ཡོད་ཀྱི་ནད་པའི་ཁྲོད་དུ་ནད་པ་ཡང་མོ་ཁྲི་བཞི་དང་སྟོང་གསུམ་བདུན་བརྒྱ་ང་གཉིས་རང་ཁྱིམ་དུ་བཀག་འཇུག་བྱས་ཡོད་པ་དང་། ནད་པ་ཁྲི་གཉིས་དང་སྟོང་བདུན་བདུན་བརྒྱ་གོ་ལྔ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། ནད་པ་སྟོང་གསུམ་དང་དགུ་བརྒྱ་གྱ་གཅིག་གིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།