ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བཞི་དང་བརྒྱ་དང་དོན་བཞིར་བསླེབ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་བརྒྱ་དང་དོན་བཞིར་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་གཉིས་དང་ལྔ་བརྒྱ་གོ་དགུ་ཇེ་མང་དུ་སོང་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གཉིས་དང་དྲུག་བརྒྱ་དང་དྲུག་ཡོད། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་གོ་གཉིས་ཇེ་མང་དུ་སོང་ཡོད། མིག་སྔར་ནད་པ་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་ང་བཞི་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་ནད་པ་སྟོང་བཞི་དང་དྲུག་བརྒྱ་སོ་གཉིས་ཀྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། 

ཧྥ་རན་སིའི་ངལ་རྩོལ་བཟོ་བའི་ལས་དོན་པུའུ་ཀྲང་ཕའེ་ནེ་ཁི་ཡིས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་བར། བསྡོམས་པས་ཁེ་ལས་འབུམ་གཉིས་དང་ཁྲི་གཉིས་ཀྱི་ལས་བཟོ་བ་ས་ཡ་གཉིས་དང་འབུམ་གཉིས་ཀྱིས་ལས་ཤོར་རེ་ཞུའི་བྱེད་ཐབས་སྤྱད། ཧྥ་རན་སི་ནས་ལས་ཤོར་བྱེད་ཐབས་ནི་གནས་སྐབས་སུ་དཔལ་འབྱོར་དཀའ་ཁག་ཆེ་བའི་ཁེ་ལས་ཀྱིས་སྲིད་གཞུང་གི་དམིགས་བསལ་སྡེ་ཁག་ལ་རེ་ཞུ་བྱེད་པ་དང་། ཁེ་ལས་ལ་དབང་ཆ་ཐོབ་རྗེས་ལས་བཟོ་བའི་བྱ་བའི་དུས་ཚོད་ཇེ་ཉུང་དུ་བཏང་ཆོག གནས་ཚུལ་འདི་འདྲའི་འོག ལས་བཟོ་བར་ཁ་གསབ་ཐོབ་སྟེ། བྱ་བའི་དུས་ཚོད་ཇེ་ཉུང་དུ་བཏང་བ་ལས་བཟོས་པའི་གྱོང་གུད་ཁ་གསབ་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།