ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་མ་དངུལ་སྒོར་ཁྲག་ཁྲིག་ལྔ་བཏང་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མྱུར་ཞིང་ནུས་པ་ལྡན་པའི་བྱེད་ཐབས་སྤྱོད་བཞིན་ཡོད་པ་དང་། དེའི་ནང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་མེ་སྒོར་ཁྲག་ཁྲིག་ལྔ་ལྷག་བཏང་སྟེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དང་དེའི་ཤུགས་རྐྱེན་གནད་དོན་ཐག་གཅོད་བྱེད་པ་སོགས་འདུས། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཉིན་དེར་བརྙན་རིས་གྲོས་ཚོགས་ཀྱི་ཐབས་ལྟར་སྤེལ། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ང་ཚོས་མྱུར་ཞིང་ནུས་པ་ལྡན་པའི་བྱེད་ཐབས་སྤྱོད་བཞིན་ཡོད་ལ། དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་ངལ་རྩོལ་མཁན་དང་ཁེ་ལས་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་མེ་སྒོར་ཁྲག་ཁྲིག་ལྔའི་མ་དངུལ་གཏོང་བཞིན་ཡོད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་ནོར་སྲིད་སྲིད་ཇུས་ཤིག་དང་དཔལ་འབྱོར་བྱེད་ཐབས། འགན་སྲུང་འཆར་གཞི་བཅས་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། རིམས་ནད་ཆེན་པོས་སྤྱི་ཚོགས་དང་དཔལ་འབྱོར། དངུལ་ལོར་བཅས་ཀྱི་ཐད་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རང་ནུས་ཅི་ཡོད་ཀྱིས་ད་ཡོད་ཀྱི་སྲིད་ཇུས་ཡོ་བྱེད་གང་རུང་སྤྱད་དེ། ཚད་ཆེན་པོའི་སྒོ་ནས་ཐེངས་འདིའི་རིམས་ནད་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་བཟོས་པའི་གྱོང་གུད་ཇེ་དམའ་རུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་པ། ཚོང་རའི་གཏན་འཇགས་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་ཀྲུང་དབྱང་དངུལ་ཁང་གིས་དབང་ཆ་བྱིན་པ་ལྟར་དམིགས་ཀྱི་བྱེད་ཐབས་སྤྱད་ནས། དངུལ་ལོར་གཏན་འཇགས་ལ་ཤུགས་སྣོན་དང་འཛམ་གླིང་ཡོངས་ཀྱི་ཚོང་རའི་འཁོར་རྒྱུག་རང་བཞིན་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཧུར་ཐག་སྒོས་སྨན་བཅོས་མཁོ་དངོས་དང་ཞིང་ཞོར་ཐོན་རྫས་གཙོ་བོ། དེ་མིན་ཚོང་རྫས་གཞན་པ་དང་ཞབས་ཞུ་སོགས་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་ཐག་གཅོད་བྱེད་རྒྱུ་མ་སྲིད། འཛམ་གླིང་ཡོངས་ཀྱི་མཁོ་སྒྲུབ་མུ་འབྲེལ་མཚམས་ཆད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 

གསལ་སྒྲོག་ལས་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་པུའུ་ཡིས་དགོས་ངེས་ཡོད་པའི་སྐབས་སུ་གྲོས་ཚོགས་བསྡུ་བ་དང་། རྒྱལ་ཁབ་རང་རང་གི་སྤྱད་ཆོག་པའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཟླ་བཞི་བའི་པུའུ་ཀྲང་གྲོས་ཚོགས་ཀྱི་སྔོན་ལ་བྲེལ་མྱུར་འགུལ་སྐྱོད་རབ་དང་རིམ་པ་སྤྱད་ནས། མཉམ་དུ་རིམས་ནད་དེ་རྒྱ་ཡན་དུ་འགྲོ་བར་འགོག་རྒོལ་བྱེད་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་དང་། ཁྱད་པར་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ། འཛམ་གླིང་དངུལ་ཁང་། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་གཞན་པ་དག་དང་མཉམ་དུ་ནུས་པ་ཡོད་ཚད་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ། དེ་མིན་རྒྱལ་སྤྱིའི་འབྲེལ་ཡོད་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།