ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྟོང་གསུམ་དང་དགུ་བརྒྱ་ཉེར་གཉིས་ཇེ་མང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་དགུ་བརྒྱ་ང་ལྔར་འཕར་ཡོད་པ་དང་། ནད་པ་སྟོང་གཅིག་དང་དྲུག་བརྒྱ་གོ་དྲུག་རྐྱེན་ལམ་དུ་ཤོར། སོ་སོར་སྔ་ཉིན་ལས་ནད་པ་སྟོང་གསུམ་དང་དགུ་བརྒྱ་ཉེར་གཉིས་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་རེ་ལྔ་ཇེ་མང་དུ་སོང་ཡོད་ཟེར། 

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ནད་པ་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་བཞི་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྟོང་གསུམ་དང་སུམ་བརྒྱ་དོན་ལྔས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། དེ་མིན་མི་སྟོང་བཞི་དང་དགུ་བརྒྱ་ཞེ་བརྒྱད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་མེད་ཡོད། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཧྥ་རན་སིའི་ཤར་ཕྱོགས་ཀྱི་མུས་ལུའུ་སི་གྲོང་ཁྱེར་ནས་ཁྱབ་སྒྲོག་བྱས་དོན། ཧྥ་རན་སིའི་སྲིད་གཞུང་གིས་དམག་མི་སྟོང་བདུན་སྐུལ་སློང་བྱས་ཏེ་རིམས་འགོག་འགུལ་སྐྱོད་ནང་ཞུགས་རྒྱུ་ཡིན་ཟེར། 

ཧྥ་རན་སིའི་རྒྱལ་ཡོངས་བསྡོམས་རྩིས་དང་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཚེས་ཉེར་དྲུག་ཉིན་སྙན་ཞུ་སྤེལ་ཏེ། མིག་སྔའི་བར་དུ། ཧྥ་རན་སི་ཡིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་དམིགས་ནས་གྲོང་ཁྱེར་སོ་སོ་བཀག་སྡོམ་བྱས་པ་ལས་རྒྱལ་ཁབ་དེའི་རྒྱལ་དམངས་དཔལ་འབྱོར་བྱ་འགུལ་བརྒྱ་ཆའི་སོ་ལྔ་ཙམ་ཇེ་ཉུང་དུ་གཏོང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།